logo

2011ལོའི་རྒྱལ་ཡོངས་ཀྱི་བོད་སྐད་རླུང་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-27 ཀློག་གྲངས།:

  ཟླ9བའི་ཚེས23ཉིན་ཐེངས་ཉེར་བདུན་པའི་རྒྱལ་ཡོངས་ཀྱི་བོད་སྐད་རླུང་བརྙན་འཕྲིན་ལེ་ཚན་བརྗེ་རེས་ཚོགས་འདུའམ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཀྱི་བོད་སྐད་རླུང་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་གྱི་དཔྱད་སྡུར་གྲོས་ཚོགས་དེ་ལྷ་སར་མཇུག་སྒྲིལ་བ་དང་། བོད་སྐད་རླུང་བརྙན་འཕྲིན་གྱི་ལེ་ཚན་ཁྱོན་བསྡོམས9དང་རིགས21ལ་བྱ་དགའ་གནང་བ་རེད།
  ཐེངས་འདིའི་རྒྱལ་ཡོངས་ཀྱི་བོད་སྐད་རླུང་བརྙན་འཕྲིན་གྱི་དཔྱད་སྡུར་གྲོས་ཚོགས་སྟེང་བསྡོམས་པས་རླུང་འཕྲིན་ལེ་ཚན4དང་བྱ་དགའ་རིགས10བདམས་པ་དང་། བརྙན་འཕྲིན་ལེ་ཚན5དང་བྱ་དགའ་རིགས11བདམས། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་བོད་སྐད་བརྒྱུད་ལམ་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་ལྗོངས་ཞིང་ལྔའི་ས་གནས(ཁུལ)རླུང་འཕྲིན་ཁང་། བརྙན་འཕྲིན་ཁང་། དེ་མིན་རྫོང་རིམ་པའི་བརྙན་འཕྲིན་ཁང་བཅས་ནས་མཚམས་སྦྱོར་བྱས་པའི་དཔྱད་སྡུར་བརྩམས་ཆོས351ཡོད་པ་དང་། བརྩམས་ཆོས253ལ་བྱ་དགའ་ཐོབ། དེའི་ཁྲོད་ཁྱད་འཕགས་ཅན་གྱི་བྱ་དགའ2བཅས་ཡོད་པ་རེད།
  ཐེངས་འདིའི་དཔྱད་སྡུར་ཁྲོད་བརྙན་འཕྲིན་སྒྱུར་སྒྲིག་བརྩམས་ཆོས་དག་ཐེངས་དང་པོར་དཔྱད་སྡུར་ལེགས་འདེམས་ཀྱི་མིང་ཐོ་རུ་བཞག་པ་མ་ཟད། སྒྱུར་སྒྲིག་བརྙན་འཕྲིན8ལ་བྱ་དགའ་ཐོབ་པ་རེད། བརྙན་འཕྲིན་སྒྱུར་སྒྲིག་དཔྱད་སྡུར་ཚན་ཆུང་གི་དཔྱད་འདེམས་པ་བསྟན་དབང་ལགས་ཀྱིས་བཤད་རྒྱུར། དཔྱད་སྡུར་ལ་ཞུགས་པའི་ལས་ཁུངས6གི་ལེ་ཚན་ཡོངས་ཕུལ་དུ་བྱུང་བ་དག་ཡིན་ལ།  བྱ་དགའི་ཨང་རིམ་དང་པོ་ཐོབ་མཁན་གྱི《བྱ་གླག་གསོད་མཁན་གྱི་དཔའ་བོའི་གཏམ་རྒྱུད》དང《ཁང་ཞིའི་རྒྱལ་རབས》ནི་གནའ་རབས་ཟློས་གར་གྱི་རྩོམ་སྟངས་ཡིན་ཞིང་། སྐད་སྒྱུར་ནས་དུས་ཕྱིའི་སྒྲིག་སྦྱོར་གྱི་ལས་ཀ་ཡོངས་ལེགས་པོར་འགྲུབ་འདུག་ཟེར།
  སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་གྱིས་སྒྲིག་སྦྱོར་བྱས་པའི《ནུབ་ཕྱོགས་བོད་ཁུལ་དུ་བསྐྱོད་པའི་ཟིན་ཐོ》ལ་བརྙན་འཕྲིན་གསར་འགྱུར་གྱི་མུ་རྒྱུད་སྤེལ་གཏོང་གི་བྱ་དགའ་ཨང་རིམ་དང་པོ་ཐོབ། ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་སྤྱི་ཁྱབ་སྒྲིག་བཟོ་ཁང་གི་ཀྲུའུ་རིན་བཞོན་པ་སྐར་ཁོས་མཚམས་སྦྱོར་བྱས་པ་ལྟར་ན། འདི་ནི་ཁམས་ཕྱོགས་སུ་ཡོད་པའི་བོད་དམངས་ཀྱི་ཐོན་སྐྱེད་འཚོ་བ་ནས་སློབ་གསོ་འགྲིམ་འགྲུལ་སོགས་ཀྱི་འགྱུར་ལྡོག་མངོན་པར་མཚོན་པའི་ཆེད་སྒྲིག་ལེ་ཚན་ཞིག་ཡིན་ཟེར། ལེ་ཚན་འདི་ནི་བརྙན་ཕབ་སྒྲིག་སྦྱོར་ཚན་ཆུང་སྤྱི་ལེ་ཁྲི་ལྷག་གི་ལམ་བར་དུ་སོང་ནས་ཟླ་གཅིག་ལྷག་རིང་སྒྲིག་སྦྱོར་བྱས་པ་ཡིན་ཞིང་། 2010ལོའི་ཟླ6པར་ཁམས་པའི་བོད་སྐད་བརྙན་འཕྲིན་བཙུགས་རྗེས་སུ་གསར་འགྱུར་གཙོར་བྱས་ནས་སྤེལ་བའི་བཅར་འདྲིའི་བྱ་འགུལ་ཆེ་ཤོས་ཤིག་ཡིན་ཏེ། བདེ་ཆེན་དང་། ཡུལ་ཤུལ། དཀར་མཛེས། ཆབ་མདོ་སོགས་ཀྱི་ས་གནས་བརྙན་འཕྲིན་ཁང་དག་བརྙན་ཕབ་ཁྲོད་ཞུགས་ཡོད་ལ། ལེ་ཚན་བཏང་རྗེས་ཁམས་ཕྱོགས་སུ་བརྒྱུད་སྒྲོག་གི་ཕན་ནུས་མངོན་སུམ་ཐོན་པ་རེད་ཟེར།
  རྒྱལ་ཡོངས་ཀྱི་བོད་སྐད་རླུང་བརྙན་འཕྲིན་ལེ་ཚན་གྱི་དཔྱད་སྡུར་གྲོས་ཚོགས་འདིས་བོད་ཁམས་ཡུལ་སྐད་གསུམ་གྱི་ས་ཁུལ་གྱི་རླུང་བརྙན་འཕྲིན་ལེ་ཚན་གྱི་བརྗེ་རེས་དང་། མཉམ་འབྲེལ། འཕེལ་རྒྱས་ལ་སྐུལ་སྤེལ་གྱི་ནུས་པ་ཆེན་པོ་ཐོན་པ་དང་། བོད་སྐད་རླུང་བརྙན་འཕྲིན་གྱི་སྤྱི་ཚོགས་ཤུགས་རྐྱེན་མཐོར་འདེགས་བྱས་ལ། བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་ཁྱབ་བརྡལ་དུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་འདུས་ཐེངས་ཉེར་བརྒྱད་པའི་རྒྱལ་ཡོངས་ཀྱི་བོད་སྐད་རླུང་བརྙན་འཕྲིན་གྱི་ལེ་ཚན་བརྗེ་རེས་ཚོགས་འདུའམ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཀྱི་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་གྱི་དཔྱད་སྡུར་གྲོས་ཚོགས་དེ2012ལོར་མཚོ་སྔོན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱེད་རྒྱུའི་གཏན་ཁེལ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།