མཚོ་བོད་མཐོ་སྒང་གནའ་རབས་ལོ་རྒྱུས་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་སི་ཁྲོན་སློབ་ཆེན་དུ་ཚོགས།

མཚོ་བོད་མཐོ་སྒང་གནའ་རབས་ལོ་རྒྱུས་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་སི་ཁྲོན་སློབ་ཆེན་དུ་ཚོགས་པ།
ཉེ་ལམ། སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལྟེ་གནས་གལ་ཆེན་ཏེ་སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་དང་། ཧྭ་ཧྥུ་ཡཱན་ཅིན་སློབ་ཚོགས་ཀྱིས་རོགས་དངུལ་ཕུལ་ཏེ། མཚོ་བོད་མཐོ་སྒང་གནའ་རབས་ལོ་རྒྱུས་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་སི་ཁྲོན་སློབ་ཆེན་གྱི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་དུ་ཚོགས་པ་རེད།
རྒྱལ་ཁབ་ཕྱི་ནང་གི་མཁས་བ50ལྷག་ཐེངས་འདིའི་ཚོགས་ཐོག་ལ་ཞུགས་ཡོད་ཅིང་། དེ་ལས་ཨ་རིའི་ཧྭ་ཧྥུ་སློབ་ཆེན་དང་། ཁཱ་ལེ་ཧྥུ་ཉི་ཡཱ་སློབ་ཆེན། ཧྥུ་ཅི་ཉི་ཡཱ་སློབ་ཆེན། འཇར་མན་གྱི་མཱ་བྷོར་སློབ་ཆེན། ཧོ་ལན་གྱི་ལེ་ཏིན་སློབ་ཆེན། ཀོ་རི་ཡའི་ཧྲིག་ཨར་ཚན་རྩལ་སློབ་ཆེན། ཧིན་རྡུའིHNBཀྱ་བ་སློབ་ཆེན། བལ་བོ་རྒྱལ་ཁབ་ཀྱི་སྲིད་གཞུང་གནའ་རྫས་རྟོག་ཞིབ་ཁང་། འབྲུག་རྒྱལ་ཁབ་ཀྱི་འབྲུག་ཡུལ་ཞིབ་འཇུག་ལྟེ་གནས་སོགས་རྒྱལ་ཁབ་ཕྱིའི་མཁས་བ14འདུས་པ་དང་། ཀྲུང་གོའི་ཚན་རིག་གླིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། པེ་ཅིང་སློབ་ཆེན། སི་ཁྲོན་སློབ་ཆེན། ལན་གྲུ་སློབ་ཆེན། ནན་ཅིན་དགེ་ཐོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། ཐེ་ཝན་སློབ་ཆེན་དང་། བོད་ལྗོངས་དང་ཤིན་ཅང་། སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་ཚན་ཁག་གི་རྒྱལ་ནང་མཁས་བ27ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་མཁས་བ35ཡིས་ཚོགས་ཐོག་ཏུ་སོ་སོའི་ཞིབ་འཇུག་གྲུབ་འབྲས་སྐོར་གྱི་གཏམ་བཤད་གནང་བ་རེད།

རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་རྣམས་ལྷན་དུ་པར་བསྐྱོན་པ།
ཐེངས་འདིའི་ཚོགས་འདུ་སྟེང་གི་གཏམ་བཤད་གཙོ་བོ་ནི“མཚོ་བོད་མཐོ་སྒང་གི་གནའ་བོའི་ཁོར་ཡུག་དང་གནའ་བོའི་མིའི་རིགས”། “མཚོ་བོད་མཐོ་སྒང་དུ་གནའ་རབས་གནའ་རྫས་རྟོག་ཞིབ་གསར་རྙེད་དང་ཞིབ་འཇུག” “ཧི་མ་ལ་ཡ་ཕར་བརྒལ་བྱས་པའི་རིག་གནས་སྐུལ་རེས”། “མཚོ་བོད་མཐོ་སྒང་ཤར་རྒྱུད་ཀྱི་གནའ་རབས་རིག་གནས་ཞིབ་འཇུག” “མཚོ་བོད་མཐོ་སྒང་དང་ཉེ་འགྲམ་གནའ་རབས་རིག་གནས་འབྲེལ་བ”། “མཚོ་བོད་མཐོ་སྒང་གི་རྡོ་ཆས་རིག་གནས”བཅས་སུ་དབྱེ་ཡོད་དེ། ཁོ་ཚོས་རིག་ཚན་མི་འདྲ་བའི་ཆེད་ལས་ཀྱི་ཐད་ནས་མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་སྤོར་སྐྱོད་དང་། ཞིང་ལས་ཕྱུག་ལས་ཀྱི་བྱུང་བ། མཐོ་སྒང་གནའ་རབས་སྤྱི་ཚོགས་དང་ས་ཁམས་ཀྱི་འབྲེལ་བ་སོགས་ཀྱི་ཐད་ལ་རང་ཉིད་ཀྱི་ལྟ་སྟངས་དང་བསམ་འཆར་བརྗོད་ཅིང་། སོ་སོའི་ཁྱབ་ཁུངས་སུ་མཐོ་སྒང་ཞིབ་འཇུག་གི་འཕེལ་འགྱུར་གསར་བ་དང་གསར་རྙེད་བྱུང་བ་དག་མཚམས་སྦྱོར་གནང་བ་རེད།
ཐེངས་འདིའི་ཚོགས་འདུ་ལ་རྒྱལ་ཁབ་ཕྱི་ནང་དུ་མཚོ་བོད་མཐོ་སྒང་རང་བྱུང་ས་གཤིས་ཁོར་ཡུག་དང་། འགྲོ་བ་མིའི་རིགས་ཀྱི་རྒྱུད་འཛིན་རིག་པ། གནའ་རབས་གནའ་རྫས་རྟོག་ཞིབ་རིག་པ། ཚོད་ལྟ་ཁང་གི་ལོ་ཚད་འཇལ་བའི་ལག་རྩལ། ཞིང་ཕྱུག་སྐྱེ་ཁམས་རིག་པ་སོགས་ཀྱི་ཐད་ལ་ཞིབ་འཇུག་གི་བྱ་སྒྲུབ་གནང་བཞིན་པའི་མཁས་པ་ལེགས་ཤོས་རྣམས་ཞུགས་ཏེ། རིག་གཞུང་གནད་དོན་ལ་དོ་སྣང་བྱེད་པའི་གྲོས་མོལ་ཁྲོད་རིག་ཚན་མང་བའི་ཆེད་ལས་ལྟ་སྟངས་དང་བསམ་ཕྱོགས་བར་ཕན་ཚུན་སྣོལ་སྦྱོར་དང་གདོང་ཐུག་གི་རིག་གཞུང་ཁྱད་ཆོས་ངོམ་ནས་ཚོགས་ཞུགས་བློ་མཐུན་རྣམས་སྤྲོ་སེམས་རབ་ཏུ་འཁོལ་ཞིང་། འདིས་ད་ལྟའི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་བར་གྱི་འབྲེལ་བ་རང་བཞིན་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་པའི་རྣམ་པ་མངོན་གྱི་ཡོད།
