logo

མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི“གཡང་མདའ་རྟགས་མའི”མདའ་རྩལ་འགྲན་སྡུར་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-20 ཀློག་གྲངས།:


འགྲན་ཞུགས་པས་མདའ་འཕེན་བཞིན་པ།

སྐབས་དང་པོའི“གཡང་མདའ་རྟགས་མའི”མདའ་རྩལ་འགྲན་སྡུར་གྱི་ཡུལ་དངོས།

  ཟླ9བའི་ཚེས15ཉིན། “མཐུན་སྒྲིལ་འཆམ་མཐུན་དང་། ཕྱི་ཕྱོགས་སྒོ་འབྱེད། གཟི་དཔལ་མངོན་པ། འབྲས་བུ་གསར་སྐྲུན”བརྗོད་དོན་དུ་བྱས་པའི་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་ཏེ“གཡང་མདའ་རྟགས་མའི”མདའ་རྩལ་འགྲན་ཚོགས་དེ་གཅན་ཚ་རྫོང་དཀྱིལ་སྙིང་ལུས་རྩལ་ར་བ་ནས་འགོ་བརྩམས་པ་རེད། ཡུལ་ཕྱོགས་སོ་སོ་ནས་ཡོང་བའི་བོད་རིགས་དང་། ཁ་ཆེ་རིགས། ཧོར་རིགས། ཟ་ལེར་རིགས། སོག་རིགས་སོགས་ཀྱི་འགྲན་ཞུགས་པ156ལྷག་ལྷན་དུ་འཛོམས་ནས་དུས་ཡུན་ཉིན་གསུམ་རིང་གི་འགྲན་སྡུར་སྤེལ་འགོ་བརྩམས། འདིས་མཚོ་སྔོན་ཀྱི་མི་རིགས་སོ་སོའི་དམངས་ཁྲོད་ཀྱི་མདའ་རྩེད་བྱེད་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཐུབ།
  རྒྱུས་ལོན་བྱུང་པ་ལྟར་ན། ཐེངས་འདིའི་དམངས་ཁྲོད་ཀྱི་མདའ་འཕེན་འགྲན་སྡུར་ལ་མགོ་ལོག་དང་། མཚོ་ནུབ། ན་གོར་མོ། མཚོ་ལྷོ། མཚོ་བྱང་། གྲོ་ཚང་། ཡ་རྫི། བར་ལུང་། དགོན་ལུང་། ཙོང་ཁ་སོགས་རུ་ཁག13ཞུགས་ཡོད། ཐེངས་འདིའི་འགྲན་སྡུར་ནི་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་རིགས་ཐིན་དང་། ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་རོང་འབྲོག་མང་ཚོགས་ལུས་རྩལ་མཐུན་ཚོགས་ཀྱི་གཙོ་སྒྲུབ་དང་། གཅན་ཚ་རྫོང་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་ཡིན་ཞིང་། དམིགས་འབེན་གཙོ་བོ་ནི་མཚོ་སྔོན་མི་རིགས་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤེལ་ནས་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དང་དམངས་ཁྲོད་མི་རིགས་ལུས་རྩལ་འགྲན་སྡུར་ཟུང་སྦྲེལ་བྱེད་པ་དང་། མཚོ་སྔོན་མི་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྒྱ་ཆེར་སྤེལ་ནས་ཁྱབ་བརྡལ་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན།
  རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་ནི་གཅན་ཚའི་ཡུལ་དུ་ལོ་རྒྱུས་བྱུང་བ་ཤིན་ཏུ་རིང་ཞིང་མི་དམངས་མང་ཚོགས་ཀྱི་རྨང་གཞི་ཧ་ཅང་སྟུག་པོའི་བྱ་འགུལ་ཞིག་ཡིན་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་ཚོགས་ཁྲོད་མེད་དུ་མི་རུང་བའི་རྩེད་མོ་ཞིག་ཏུ་གྱུར་འདུག 2007ལོར། གཅན་ཚ་རྫོང་ལ་རྒྱལ་ཁབ་ལུས་རྩལ་ཅུའུ་ཡིས“ཀྲུང་གོའི་མི་རིགས་མདའ་འཕེན་གྱི་ཕ་ས”ཞེས་པའི་མཚན་སྙན་གནང་ཡོད། ལྷག་པར་དུ་གཅན་ཚའི་ལོ་རྒྱུས་རིག་གནས་མངོན་མཚོན་བྱེད་པའི“གཡང་མདའ་རྟགས་མའི”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུ་འགྲན་ཚོགས་བདེ་བླག་ངང་ཚོགས་པ་དེས་ཐེངས་འདིའི་འགྲན་སྡུར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པར་བཏང་། མིག་སྔར་གཅན་ཚའི་མདའ་འཕེན་དང་མདའ་སྟོན་རིག་གནས་ལ་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོ་དང་སྒོས་སུ་བོད་ཁུལ་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།