མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་མ་འོངས་འཕེལ་རྒྱས་ཕྱོགས་ཀྱི་ཆེད་དོན་བགྲོ་གླེང་མཛད་པ།

མཚོ་སྔོན་པོ་དྲ་བ་གསར་འཛུགས་པའམ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་
གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ལགས(གཡོན་ཟུར་གོང)ཀྱིས་མདོ་འཛིན་མཛད་པ།
ཟླ8ཚེས26ཉིན། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་མ་འོངས་ལོ་ལྔའི་འཕེལ་རྒྱས་ཕྱོགས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་པ་རེད།
བགྲོ་གླེང་ཚོགས་འདུ་འདི་ནི་མཚོ་སྔོན་པོ་དྲ་བ་གསར་འཛུགས་པའམ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ལགས་ཀྱིས་མདོ་འཛིན་མཛད་ཅིང་། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཡོངས་དང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཕྱོགས་བསྡུས་ཁོའོ་ཡི་ཚབ་བྱེད་ལས་སྒྲུབ་མི་སྣས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་མ་འོངས་ལོ་ལྔའི་འཕེལ་རྒྱས་ཕྱོགས་སུ་རང་སོ་སོའི་བསམ་འཆར་དང་འདོད་བློ་བརྗོད་པ་རེད།
བགྲོ་གླེང་སྟེང་། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་རྣམས་ཀྱིས་རང་ཉིད་ཀྱི་བྱ་བ་དངོས་དང་ཟུང་འབྲེལ་སྒོས་མཚོ་སྔོན་པོ་དྲ་བ་སྔར་ལས་ལྷག་པར་འཕེལ་རྒྱས་བྱེད་པའི་ཐད་ལ་སོ་སོའི་འདོད་བློ་བརྗོད་ཅིང་། རྒྱལ་ནང་གི་མིང་གྲགས་དྲ་རྒྱ་ཆེན་པོ་སོགས་དང་བསྡུར་ཏེ་ཕྱོགས་ཡོངས་ནས་མཚོ་སྔོན་པོ་དྲ་བའི་ད་ལྟའི་གནས་བབ་ལ་ཞིབ་འདང་བརྒྱབ་ནས་སྔར་ལས་ལྷག་པར་དྲ་རྒྱའི་གནས་བབ་ཡར་སྤེལ་དང་། ཆ་འཕྲིན་ཡོང་ཁུངས་ཆེ་རུ་བསྐྱེད་པ། ཆེད་ལས་ལག་རྩལ་མི་སྣ་དང་ཆེད་ལས་མི་སྣ་ནང་འདྲེན། ལས་སྒྲུབ་མི་སྣའི་གསོ་སྦྱོང་ནུས་ཤུགས་ལ་ཤུགས་སྣོན་པ། དེ་མིན་དྲ་རྒྱའི་དྲིལ་བསྒྲགས་ནུས་ཤུགས་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་རིག་གནས་ཆ་འཕྲིན་རྒྱུ་ཆ་སྔོག་འདོན་བྱེད་པ་སོགས་བསམ་འཆར་གང་མང་བཏོན་ཞིང་། མཚོ་སྔོན་པོ་དྲ་རྒྱའི་མ་འོངས་འཕེལ་རྒྱས་ལ་ཇུས་རོགས་བློ་བཀོད་འཐེན་པ་རེད།

མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཡོངས་དང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་
ཕྱོགས་བསྡུས་ཁོའོ་ཡི་ཚབ་བྱེད་ལས་སྒྲུབ་མི་སྣས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་མ་
འོངས་ལོ་ལྔའི་འཕེལ་རྒྱས་ཕྱོགས་སུ་རང་སོ་སོའི་བསམ་འཆར་དང་འདོད་བློ་བརྗོད་པ།
དྲ་རྒྱ་ལྟེ་གནས་ཀྱི་འགོ་གཙོ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ཁོ་རང་གི་མྱོང་བ་དང་བསམ་འཆར་མི་འདྲ་བ་བཏོན་པ་སྟེ། “ང་རང་ཉིད་མཚོ་སྔོན་པོ་དྲ་རྒྱ་གསར་འཛུགས་སུ་ཞུགས་མཁན་དང་པོ་དང་དྲ་རྒྱ་འཕེལ་རྒྱས་ཀྱི་དཀའ་ཁག་བརྒྱུད་རིམ་ནས་ད་ལྟ་གཟེངས་སུ་ཐོན་པའི་དྲ་རྒྱ་རུ་གྱུར་བར་དངོས་མྱོང་དཔང་བོ་ཡིན་པའི་ཆ་ནས། དྲ་རྒྱ་ལ་གཏན་ནས་ཆ་རྒྱུས་མེད་པ་ཞིག་ནས་དྲ་རྒྱའི་འགན་ཁུར་བར་གྱུར་བ་འདི་འགོ་ཁྲིད་ཀྱི་གསོ་སྐྱོང་དང་ལས་གྲོགས་རྣམས་ཀྱི་རྒྱབ་སྐྱོར་ལ་ཁ་བྲེལ་ཐུབ་ཀྱི་མེད་ཅིང་། དེ་དང་ཆབས་ཅིག་ཏུ། འགྱུར་མེད་ཀྱི་སེམས་ཤུགས་ཆེན་པོ་ཞིག་དང་སྔོན་སྐྱོད་ཀྱི་ངར་ཤུགས་དྲག་པོ་ཞིག་ལྡན་ན་ད་གཟོད་དཀའ་ཁག་ཆེ་བའི་དོན་དག་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འགྲུབ་ཐུབ་ཀྱི་འདུག དྲ་རྒྱ་འཕེལ་རྒྱས་སུ་འབྱུང་དགོས་ན་ཐོག་མར་གསར་གཏོད་ཀྱི་བསམ་བློ་དགོས། མཚོ་སྔོན་པོ་དྲ་བ་བཙུགས་ནས་ད་ལྟའི་བར་ཐེངས་གསུམ་ལ་པར་གཞི་ལེགས་བསྒྱུར་བྱས་ཤིང་། དྲ་བ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དོད་པོ་ལྡན་པ་དང་། ནང་དོན་ཆ་ཚང་བ་མ་ཟད་རྒྱལ་ནང་དུ་སྙན་གྲགས་མི་དམན་པ་ཞིག་རྒྱས་ཡོད་ལ། མཚོ་ལྷོ་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་ས་གཤིས། རིག་གནས་སོགས་ཁྱབ་ཁུངས་ཀྱི་ཆ་འཕྲིན་ཡོངས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་པ་རེད། ཡིན་ཡང་ད་དུང་ང་ཚོས་རེ་སྙེག་བྱེད་པའི་དམིགས་ཡུལ་དང་བར་ཐག་ཧ་ཅང་རིང་། ད་ཡོད་ལས་སྒྲུབ་མི་སྣ་ལས་ཞིབ་འཇུག་སློབ་མ3དང་དངོས་གཞི་སློབ་མ5ཡོད་ཅིང་ཚང་མ་ཆ་སྙོམས་ལོ29ནང་དུ་ཡོད་དེ། ན་གཞོན་ངལ་རྩོལ་ལྡན་པའི་ལས་སྒྲུབ་རུ་ཁག་ཅིག་ཡིན། དེར་བརྟེན། ང་ཚོས་དྲ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་ཏེ་ད་ཡོད་མཚོ་སྔོན་པོ་དྲ་བའི་ཐོན་ཁུངས་དང་མི་སྣའི་ཁྱད་འཕགས་རང་བཞིན་ལ་གཞིགས་ནས། ཡང་དག་པའི་འགོ་ཁྲིད་ཀྱི་ཁྲིད་སྟོན་འོག ཞིབ་དཔྱད་ཀྱི་བློ་སྤོབས་དང་དཀའ་ཁག་གི་འགག་སྒོ་གཏོར་བ། གསར་གཏོད་ཀྱི་ལམ་ཆེན་སོགས་བཏོད་དེ་ཡང་དག་པའི་སྒོ་ནས་མཚོ་སྔོན་པོ་དྲ་རྒྱའི་འཕེལ་རྒྱས་ཁ་ཕྱོགས་འཆར་འགོད་དང་། དྲ་རྒྱའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བརྒྱུད་མཚོ་སྔོན་པོ་དྲ་རྒྱ་ཇེ་རྒྱས་ཇེ་ལེགས་སུ་སྤེལ་དགོས”ཟེར།
མཇུག་མཐར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོའམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཚེ་ལོ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་དངོས་ཡོད་ཀྱི་སྒོ་ནས་སྤྱི་བསྡོམས་བྱས་ཏེ། འདི་ལྟ་བུའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་ནི་ཤིན་ཏུ་དགོས་ངེས་ཆེ་བར་བསམ་ལ། ལས་སྒྲུབ་མི་སྣ་ཡོངས་ཀྱི་བསམ་འཆར་དང་འདོད་བློ་ལ་ཚད་མཐོ་བའི་གདེང་འཇོག་གནང་། མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ཐེངས་འདིའི་བསམ་འཆར་སྤྱི་བསྡོམས་སྒོས་མཚོ་སྔོན་པོ་དྲ་བའི་རྒྱུན་རིང་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་པ་བསྟན་ལ། དེ་མིན། མཚོ་སྔོན་པོ་དྲ་རྒྱའི་རྗེས་ཕྱོགས་བྱ་བར་དགོངས་པ་འགའ་བཏོན་པ་སྟེ། དང་པོ། རྡོག་རྩ་གཅིག་སྒྲིལ་བྱས་ཏེ་མཚོ་སྔོན་པོ་དྲ་བའི་ཆ་འཕྲིན་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས། དྲ་རྒྱ་ནི་མི་རྣམས་ཀྱིས་སྤྱི་ཚོགས་དང་སྲིད་འབྱོར་རིག་གསུམ་ལ་རྒྱུས་ལོན་བྱེད་པར་མེད་དུ་མི་རུང་བའི་ཆ་འཕྲིན་ཡོང་ཁུངས་སུ་གྱུར་ཡོད་ཅིང་། དྲ་རྒྱའི་གླེང་ཕྱོགས་ཐད་ནས་ཏང་ལ་འགན་ཁུར་དགོས་པ་དང་ནང་དོན་ཀློག་རིན་ཐད་ནས་རྒྱ་ཆེ་བའི་དྲ་དམངས་ལ་འགན་ཁུར་བའི་བསམ་པའི་འཁྱེར་སོ་ལས། ཆ་འཕྲིན་གྱི་ཁུངས་བསྐྱེད་པ་དང་རང་དྲ་བས་གསར་འགྱུར་རྩོམ་སྒྲིག་ལ་ཤུགས་བསྣན་ཏེ་ཆ་འཕྲིན་ཁྱབ་བསྒྲགས་དང་དོ་དམ་བྱ་བར་གཟབ་ནན་བྱ་དགོས། གཉིས་པ། གསར་གཏོད་ཀྱི་བསམ་བློ་ལ་བརྟེན་ནས་དྲ་རྒྱའི་འཕེལ་རྒྱས་ཇུས་འགོད་བྱེད་དགོས། བསམ་བློ་གང་གིས་ལག་ལེན་གྱི་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད་ཅིང་། ཞིབ་གསལ་གྱི་འཕེལ་རྒྱས་བསམ་བློ་མ་མཆིས་ན་འཕེལ་རྒྱས་དམིགས་ཡུལ་ཡང་གླེང་རིན་མེད་པ་ཞིག་ཡིན་པས། དྲ་རྒྱའི་རྒྱུན་རིང་འཕེལ་རྒྱས་འཆར་འགོད་བྱེད་པའི་གོ་རིམ་ཁྲོད་བསམ་བློ་གསར་གཏོད་དང་བྱ་བའི་ལག་ལེན་ཟུང་འབྲེལ་བྱེད་དགོས། གསུམ་པ། བསམ་བློ་གང་མང་འཚོལ་བསྡུ་སྒོས་དྲ་བའི་པར་གཞི་གསར་བསྒྱུར་བྱེད་དགོས། ཐུན་མོང་གི་ཤེས་རབ་ནི་བརྗོད་ལས་འདས་པ་ཞིག་ཡིན་སྟབས། དྲ་རྒྱའི་པར་གཞི་ལེགས་བསྒྱུར་བྱེད་པའི་གོ་རིམ་ཁྲོད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་བསམ་འཆར་བསྡུ་ལེན་དང་མི་རྣམས་ཀྱི་ཤེས་རབ་གཅིག་ཏུ་བསྡུས་ཏེ་དྲ་རྒྱའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བཞི་བ། མུ་མཐུད་དུ་འབད་པ་གང་ལེགས་སྒོས་དྲ་བར་ནང་བྱན་ཆུད་པར་བྱེད་དགོས་པ། དྲ་རྒྱ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་རྣམས་ལོ་ན་གཞོན་ཞིང་སློབ་གཉེར་བརྒྱུད་རིམ་ཟབ་པ། ཤེས་བྱ་གསར་བ་དང་ལེན་བྱེད་སླ་བར་ཡོད་ཅིང་། ཁོམ་སྐབས་ཀྱི་དུས་སུ་དྲ་རྒྱའི་ཕྱོགས་ཀྱི་དཔེ་དེབ་ཀློག་པ་དང་རིག་གནས་དྲ་རྒྱ་ཆེན་པོར་རྒྱུས་ལོན་མང་པོ་བྱེད་པ། དགའ་བསུ་ཆེན་པོ་ཐོབ་ཀྱིན་པའི་དྲ་རྒྱའི་ཉམས་མྱོང་ལེན་པ་བཅས་ལ་འབད་དེ་ལས་སྒྲུབ་མི་སྣ་རེ་རེ་དྲ་རྒྱའི་ཆེད་ལས་ཅན་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་སོགས་དགོངས་ཚུལ་བཏོན་པ་རེད།
