བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་འབྲེལ་ཡོད་ཞོ་སྟོན་བྱ་འགུལ་སྤེལ་པ།

ཟླ8ཚེས28ཀྱི་སྔ་དྲོར་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི2011ལོའི
“ཕུན་སུམ་ཚོགས་པའི་ཞོ་སྟོན”བྱ་འགུལ་སྤེལ་འགོ་བརྩམས་པ།
ལོ་རེའི་ཞོ་སྟོན་ཞེས་པའི་སྲོལ་རྒྱུན་དུས་སྟོན་འདི་བསུ་ཆེད། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གིས་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དྲིལ་སྒྲོག་བྱེད་པའི་ནུས་པ་གང་ལེགས་སྒོས་བཏོན་ཏེ། ཞོ་སྟོན་བསུ་བའི་ཉིན་འགའི་ནང“ཕུན་སུམ་ཚོགས་པའི་ཞོ་སྟོན”ཞེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཏེ། བོད་ཀྱི་ཟློས་གར་ཤེས་བྱ་འཆད་ཁྲིད་དང་། སྲོལ་རྒྱུན་ཟློས་གར་འཁྲབ་སྟོན། ཞོ་ཡི་མངར་བྲོ་མྱོང་བ་སོགས་ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་སྤེལ་ནས་ཕྱི་ཕྱོགས་སྐུ་མགྲོན་རྣམས་ལ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཞོ་སྟོན་རིག་གནས་ཁྱབ་སྤེལ་བྱེད་རྒྱུ་ཡིན་པ་རེད།

བོད་ལྗོངས་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་ལས་རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས་ཀྱི་ཡིད་དབང་བཀུག་པ།
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ་ཟླ་སྒྲོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་ཟླ8ཚེས28ཀྱི་སྔ་དྲོ་ནས་ཟླ9ཚེས1བར་ཡིན་ཞིང་། ཉིན་རེར་ཕུན་སུམ་ཚོགས་པའི་བརྗོད་དོན་བྱ་འགུལ་རྒྱ་ཆེ་བའི་སྐུ་མགྲོན་རྣམ་པའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་རེད།
