logo

ཡུལ་སྐོར་རྒྱས་པའི་དུས་ཚིགས་སུ་ཉིན་རེར་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་པ་སེ 4000ལྷག་འཚོང་བཞིན་ཡོད་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-08-26 ཀློག་གྲངས།:


ཕོ་བྲང་པོ་ཏ་ལའི་འདབས་ནས་ཡར་གཟིགས་པ།

  བོད་ལྗོངས་སུ་ཡུལ་སྐོར་རྒྱས་པའི་དུས་ཚིགས་སུ་མི་མང་པོ་ཞིག་གིས“སྒོ་འཛིན་པ་སེ་གཅིག་ཀྱང་ཉོ་དཀའ”ཞེས་པའི་ཚིག་དེ་རྟག་པར་བརྗོད་ཀྱིན་འདུག དེ་ཡང་བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་མེ་འཁོར་དང་གནམ་གྲུའི་པ་སེ་ཁོ་ན་ཙམ་མ་ཡིན་པར། ཡུལ་སྐོར་བ་མི་འགྲོ་ཐབས་མེད་ཀྱི་ཡུལ་སྐོར་གནས་མཆོག་ཅིག་ཏེ་ཕོ་བྲང་པོ་ཏ་ལ་ཡི་རིག་དངོས་འཛུགས་སྐྲུན་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཡུལ་སྐོར་བའི་མི་གྲངས་ལ་ཚོད་འཛིན་མི་བྱེད་ཐབས་མེད་བྱུང་། དེའི་རྐྱེན་གྱིས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་པ་སེ་ཧ་ཅང་དཀོན་པོར་གྱུར་འདུག
  རྒྱུས་ལོན་བྱས་པ་ལྟར་ན། ཡུལ་སྐོར་རྒྱས་པའི་དུས་ཚིགས་སུ་སླེབས་པ་ནས་བཟུང་། ཉིན་རེའི་ཞོགས་པར་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་པ་སེ་ཉོ་སར་གྲལ་སྒྲིག་སྟེ་སྒོ་འཛིན་པ་སེ་ཉོ་མཁན་མི800ལྷག་ཡོད་པ་དང་། སྐབས་རེར་དེ་ལས་ཀྱང་མང་པོ་འདུག མིག་སྔར་པོ་ཏ་ལའི་སྒོ་འཛིན་པ་སེ་ཉིན་རེར 4000ལྷག་འཚོང་བཞིན་ཡོད་པ་རེད། དེ་དག་ལས་ཁ་ཤས་ཤིག་ཡུལ་སྐོར་ཚོགས་པ་སོ་སོར་བཙོང་བ་དང་། ཁ་ཤས་ཤིག་ལས་ཁུངས་སོ་སོས་སྣེ་ལེན་བྱེད་པར་བཀོལ་བ་རེད། ད་དུང་པ་སེ 500ལྷག་ཡོད་པ་ཁ་འཐོར་གྱི་ཡུལ་སྐོར་བར་བཙོང་བ་རེད། འོན་ཀྱང་ད་ལྟ་བོད་ལྗོངས་སུ་སླེབས་པའི་ཡུལ་སྐོར་བ་མང་དྲགས་པས། དགོས་མཁོ་སྐོང་མི་ཐུབ་པ་རེད།
  ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་གོ་སྐབས་རག་མཁན་གྱི་ཡུལ་སྐོར་བ་ཚོས་ནམ་རྒྱུན་དུ་དེ་ཡི་ངོ་མཚར་གཟི་བརྗིད་ལ་བསྟོད་བསྔགས་བྱེད་པ་རེད། ནན་ཅིང་ནས་ཕེབས་པའི་ཡུལ་སྐོར་བ་ཀྲའོ་ཝུན་ཁྲའོ་ཡིས་གསར་འགོད་པར་བཤད་རྒྱུར། ཁོ་རང་གནས་གང་མང་ཞིག་ཏུ་ཡུལ་སྐོར་ལ་ཕྱིན་མྱོང་ཡང་། ས་ཆ་ལ་ལ་མིང་དོན་མི་མཐུན་པས་སོང་རྗེས་འགྱོད་པ་སྐྱེས་ཀྱང་མྱོང་། འོན་ཀྱང་ཕོ་བྲང་པོ་ཏ་ལ་ཡིས་ཡིད་ཕམ་དུ་མི་འཇུག འཛུགས་སྐྲུན་གྱི་རྣམ་པར་བལྟ་བ་དང་། རིག་གནས་ལ་རོལ་མྱོང་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས། ཆ་རྒྱུས་ཡོད་མེད་སུ་ཡིན་ཡང་གནས་མཆོག་འདི་ཡིས་མི་ཚེ་གང་བོར་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་ཞིག་འཇོག་པར་ངེས་ཞེས་བཤད།


ཕོ་བྲང་པོ་ཏ་ལ་ཡི་རྩིག་ལྡེབས་དམར་པོ།


འབྲེལ་ཡོད་འོས་སྦྱོར།