logo

བོད་འཇིག་མཉེན་ཆས་བཟོ་སྐྲུན་ལེགས་འགྲུབ་བྱུང་ཞིང་མིག་མང་རྒྱུན་འཛིན་བྱེད་ཐུབ་པར་བྱུང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-19 ཀློག་གྲངས།:

            མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་དུ་བོད་འཇིག་མཉེན་ཆས་ཞིབ་འཇུག་དང་གསར་སྤེལ་གནང་སྟེ་ད་ལྟ་དངོས་སུ་བཀོད་སྤྱོད་བྱེད་ཐུབ་པ་བྱུང་ཞིང་།   བོད་ཀྱི་སྲོལ་རྒྱུན་ལུས་རྩལ་སྤྲོ་སྐྱིད་ལས་གཞི་ཆ་འཕྲིན་ཅན་དུ་མངོན་འགྱུར་བྱས་པ་རེད།  
            རྒྱུས་ལོན་བྱས་པ་ལྟར་ན།   བོད་འཇིག་མཉེན་ཆས་འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་གླིང་གི་བོད་སྐད་ཆ་འཕྲིན་དང་མཉེན་ཆས་ཞིབ་འཇུག་ཁང་གིས་གསར་སྤེལ་བྱས་ཤིང་།   འདི་གཙོ་འགན་བཞེས་མཁན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་རྣམ་རྒྱལ་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན།  མཉེན་ཆས་འདིས་བོད་ཀྱི་སྲོལ་རྒྱུན་མིག་མང་སྒྱུ་རྩལ་དང་གསར་ཐོན་ཆ་འཕྲིན་ཚན་རྩལ་ཟུང་འབྲེལ་བྱས་ཡོད་ཅིང་།  ཕྱི་དབྱིབས་ཇུས་འགོད་མཛེས་ཤིང་ལེགས་པ་དང་ཆེས་མཐོའི་རིག་ནུས་ཅན་ཀྱི་ཁྱད་ཆོས་དོད་ཡོད།  
            རྣམ་རྒྱལ་ཚེ་རིང་གིས“མཉེན་ཆས་འདི་ནི་མིག་སྔའི་བར་དུ་ཐོག་དང་པོར་རྩིས་འཁོར་དུ་བཀོལ་སྤྱོད་བྱས་པའི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་སྤྲོ་སྐྱིད་ལས་གཞི་ཞིག་ཡིན་ཞིང་། བོད་ཀྱི་མིག་མང་སྒྱུ་རྩལ་གྱི་རྒྱུན་འཛིན་དང་སྲུང་སྐྱོང་ཐད་ལ་ནུས་བ་ཆེན་པོ་ཐོན་གྱི་ཡོད།  རྗེས་ཕྱོགས་ད་དུང་བརྙན་ཆས་འདིའི་མིག་མང་རྣམ་གྲངས་དང་བགྲོད་ལུགས་ལག་རྩལ་སོགས་ཀྱི་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་དང་།  དེ་མིན་ལག་རྩལ་དང་རྒྱན་སྤྲས།  པར་རིས་མཛེས་ཉམས་སོགས་ཀྱི་ཕྱོགས་ནས་བོད་ཀྱི་ཁྱད་ཆོས་ཐོན་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར”།  
            བོད་ཀྱི་མིག་མང་ནི་སྔ་དུས་ཕོ་བྲང་གི་སྐུ་དྲག་མིག་མང་ཞིག་ཡིན་ཞིང་།  དམངས་ཁྲོད་དུ་དར་རྗེས་དེར་རང་ཉིད་ཀྱི་ལུགས་གསར་བ་ཞིག་ཆགས་པ་རེད།     འཇིག་ཆས་དང་འཇིག་གི་ལུགས་སྲོལ།  འཇིག་རྩལ་སོགས་སོ་སོ་དངོས་བོའི་རིག་གནས་དང་ལམ་ལུགས་རིག་གནས། བསམ་པའི་རིག་གནས་ཁག་ཏུ་གཏོགས་ཏེ།  འདིས་བོད་ཀྱི་མི་ཚེ་ལྟ་བ་དང་བསམ་པའི་དམིགས་འདུན།   མཛེས་དཔྱད་ལྟ་ཚུལ་སོགས་མངོན་པར་དོད་ཀྱི་ཡོད། 
            བོད་ཀྱི་མིག་མང་སྒྱུ་རྩལ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་མཐོ་སྒང་བོད་མིའི་ཆོས་ལུགས་རིག་གནས་ཀྱི་ལྐོག་གྱུར་རང་བཞིན་གྱི་ཆ་དོད་པོ་ལྡན་ལ། དེ་ཡང་བོད་མི་རིགས་ཡོངས་ཀྱི་བློ་གྲོས་ལས་བྱུང་བའི་འབྲས་བུ་དེ་ཡིན་པ་རེད།  འོན་ཀྱང་རྒྱུ་རྐྱེན་གང་རུང་གི་དབང་གིས་བོད་ཀྱི་མིག་མང་སྒྱུ་རྩལ་འདི་ནུབ་ཉམས་ཀྱི་གནས་སུ་ལྷུང་ཡོད་པ་རེད།   


འབྲེལ་ཡོད་འོས་སྦྱོར།