བརྙན་ཕྲན《གངས་འདབས་ཀྱི་རྟོགས་སད》ཅེས་པའི་ཕབ་སྐྲུན་མཛད་སྒོ་དེ་ཁྲི་ཀར་སྤེལ་བ།
སྤྱི་ཟླ7པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཨུའི་དྲིལ་སྒྲོག་པུས་སྣེ་ཁྲིད་ཕབ་སྐྲུན་དང་མཚོ་སྔོན་ཏི་ཡིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་འགན་སྐྲུན་གནང་བའི་བརྙན་ཕྲན《གངས་འདབས་ཀྱི་རྟོགས་སད》ཅེས་པའི་ཕབ་སྐྲུན་མཛད་སྒོ་དེ་མཚོོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ་ཞིང་། ཁྲི་ཀ་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཀླུ་འབུམ་ཚེ་རིང་། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་བདེ་འཇགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཡུའུ་ལིན། ཁྲི་ཀ་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་མཛད་སྒོར་ཞུགས།
《གངས་འདབས་ཀྱི་རྟོགས་སད》ཅེས་པའི་བརྙན་ཕྲན་འདི་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དུ་བྱུང་བའི་རྩྭ་སའི་རྩོད་གླེང་གཏམ་རྒྱུད་དུ་བསྒྲིགས་ཏེ། ཁྲི་ཀ་རྫོང་གི་འབྲོག་ཁུལ་མང་ཚོགས་ཀྱི་དངོས་ཡོད་འཚོ་བ་བསྟན་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ས་ཁུལ་གྱི་འཆམ་མཐུན་བདེ་འཇགས་སྲུང་བར་བྱས་རྗེས་འཇོག་ཕོད་པའི་སྣང་བརྙན་བཏོད་དེ། ཁྲི་ཀ་རྫོང་ཨུ་རྫོང་སྲིད་གཞུང་གིས་རྩྭ་སའི་རྩོད་གླེང་ཐག་གཅོད་ལེགས་པོ་གནང་ཐོག ནུས་ལྡན་སྒོས་ས་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་སྐུལ་འདེད་དུ་གཏོང་བར་བྱ་ཐབས་ལེགས་པོ་དང་སེམས་ཤུགས་དྲག་པོ་མཚོན་པར་བྱས་ཡོད།
རྒྱུས་ལོན་པ་ལྟར་ན། 《གངས་འདབས་ཀྱི་རྟོགས་སད》ཅེས་པའི་བརྙན་ཕྲན་འདི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གོ་རའི་མཚོ་དམར་མཛེས་ལྗོངས་ཁུལ་དུ་ཕབ་བསྐྲུན་བྱ་རྒྱུ་དང་། གློག་བརྙན་འཁྲབ་སྟོན་པའི་རུ་ཁག་དྲག་ཅིང་གཏམ་རྒྱུད་ཀྱི་སྒྲིག་གཞི་ཚགས་དམ་ལ། ཁྲི་ཀ་རྫོང་གི་ཡིད་དུ་འོང་བའི་མཛེས་ལྗོངས་དང་ཁྱད་དུ་འཕགས་པའི་ཡུལ་སྲོལ་ཁྱབ་སྤེལ་བྱ་བར་དགེ་མཚན་ལེགས་པོ་ལྡན།