“གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ”སི་ཁྲོན་དཀར་མཛེས་ཁུལ་དུ་དངོས་སུ་བཙུགས་པ།
ཉེ་སྔོན། “གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ”སྒོ་བྱང་འགེལ་བའི་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་དང་སྡེ་དགེ་རྫོང་སོ་སོ་ནས་སྤེལ་ལ། རྒྱུས་ལོན་བྱས་པ་ལྟར་ན། དཀར་མཛེས་ཁུལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱིས“གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ”ཞེས་པའི་སྒོ་བྱང་བཀལ་རྗེས་ཀྱི་ས་ཁུལ་ཨང་གཉིས་པ་དེ་རེད།
རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགོ་གཙོ་ནོར་བུ་དབང་ལྡན་དང་། འགོ་གཙོ་གཞོན་པ་འཇམ་དབྱངས་ཆོས་སྒྲོལ། སི་ཁྲིན་ཞིང་ཆེན་རིག་གནས་ཐིན་གྱི་འགོ་གཙོ་ཚེ་བྷོ། དཀར་མཛེས་ཁུལ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་རིག་གནས་དང་ལུས་རྩལ་རླུང་འཕྲིན་རྒྱང་བསྒྲགས་ཅུ་བཅས་ཀྱི་འགོ་ཁྲིད་དང་། གེ་སར་སྒྱུ་རྩལ་པ་སོགས་ཐེངས་འདིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལ་ཞུགས་པ་རེད།
གེ་སར་རིག་གནས་ཁྱབ་བརྡལ་དུ་སོང་བའི་ས་ཁུལ་དུ“གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ”འཛུགས་པ་ནི། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་ཞིག་སྟེ“《གེ་སར》རིག་གནས་མྱུར་སྐྱོབ་དང་། སྲུང་སྐྱོང་། ཞིབ་འཇུག”ཞེས་པའི་མ་ལག་ཅིག་ཡིན་ཞིང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ《གེ་སར》གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་ཁས་ལེན་བྱས་པའི་སྲུང་སྐྱོབ་ཐབས་ལམ་ཞིག་ཡིན།
སྒོ་བྱང་འགེལ་བའི་བྱ་འགུལ་ཁྲོད་དུ། བྱ་བའི་ཚོགས་མི་རྣམས་གསེར་རྟ་རྫོང་གཉེན་ལུང་གྲོང་རྡལ་གཉེན་ལུང་དགོན་དང་གསེར་རྟ་གེ་སར་རིག་དངོས་བཤམས་སྟོན་ཁང་། དེ་མིན་སྡེ་དགེ་རྫོང་ཨ་ཤུ་གྲོང་རྡལ་གྱི“གེ་སར་རྗེས་དྲན་ཁང”སོགས་སུ་གཟིགས་ཞིབ་ཏུ་ཕེབས་ཤིང་། ས་ཁུལ་དེའི《གེ་སར》རིག་གནས་མྱུར་སྐྱོབ་དང་། སྲུང་སྐྱོང་། ཞིབ་འཇུག་བཅས་ཀྱི་བྱ་བ་མཛད་པའི་སྙན་ཞུ་ལ་གསན་ནས་སྐབས་རྗེས་མའི་བྱ་འགོ་རྩོམ་པར་བསམ་འཆར་དང་དགོངས་ཚུལ་བཏོན།
རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི“གེ་སར”རྒྱུན་འཛིན་པ་ཨ་མྱེས་དང་། ཐུབ་བརྟན། དངོས་གྲུབ་སྒྲོལ་མ་སོགས་བྱ་འགུལ་ལ་ཞུགས་ཏེ་ཡུལ་དངོས་སུ་གེ་སར་གྱི་སྒྲུང་བཤད་པ་རེད། དེ་དང་ཆབས་ཅིག་ཏུ། གསེར་རྟ་རྫོང་གེ་སར་ཟློས་གར་ཚོགས་པ་དང་སྡེ་དགེ་རྫོང་སྒྱུ་རྩལ་འཁྲབ་སྟོན་རུ་ཁག་སོགས་ཀྱིས《གེ་སར》ཟློས་གར་གྱི་འཁྲབ་ཚན་ཞིག་འཁྲབ་སྟོན་བྱས་ལ། དེ་མིན་སྡེ་དགེ་རྫོང་གི་དགོན་པའི་ཨ་ནེ་ཇོ་མོ་རྣམས་ཀྱིས་ཀྱང་གེ་སར་ཟློས་གར《རྟ་རྒྱུགས་རྒྱལ་འཇོག》འཁྲབ་སྟོན་གནང་སྟེ་རྣམ་པ་གསར་བའི་གསོན་ཤུགས་སྩལ་ཞིང་། རྒྱ་ཆེ་བའི་མང་ཚོགས་ཀྱི་ཡིད་དབང་འཕྲོག་སྟེ་དགའ་བསུ་ཆེན་པོ་ཐོབ་པ་རེད།
“གེ་སར”སྒྱུ་རྩལ་པས་མི་རིགས་ཀྱི་ཁྱད་འཕགས་རིག་གནས་ལ་བྱས་རྗེས་བླ་མེད་བཞག་པར་ཡར་སྐུལ་དང་གཟེངས་བསྟོད་བྱེད་ཆེད། དཀར་མཛེས་ཁུལ་རིག་གནས་དང་ལུས་རྩལ་རླུང་འཕྲིན་རྒྱང་བསྒྲགས་ཅུ་ཡིས་གསེར་རྟ་དང་སྡེ་དགེ་རྫོང་ལ“གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ”བྱ་བའི་འགོ་རྩོམ་མ་དངུལ་ཁྲི1དང་། ཡུལ་དངོས་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི“གེ་སར”སོགས་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་རྒྱུན་འཛིན་པར་རོགས་སྤྲོད་མ་དངུལ་སྒོར་ཁྲི10ལྷག་གནང་བ་རེད།