logo

འབར་ཁམས་རྫོང་གིས་སྐབས་གསུམ་པའི་རྒྱལ་རོང་སྐོར་བྲོའི་དུས་ཆེན་སྤེལ་འཆར་ཡོད་པ།

རྩོམ་པ་པོ།:བསྟན་འཛིན་དབང་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-15 ཀློག་གྲངས།:


2004ལོའི་སྐོར་བྲོའི་དུས་ཆེན་གྱི་ཟུར་ཅིག

            རྒྱལ་རོང་གི་སྐོར་བྲོའི་རིག་གནས་ཉམས་པ་སྔོག་འདོན་དང་མ་ཉམས་གོང་སྤེལ་བྱེད་པ་དང་། འབར་ཁམས་རྫོང་གི་གནས་སྐོར་རིག་གནས་གོང་སྤེལ་དུ་གཏོང་ཆེད། 2011ལོའི་ཟླ8ཚེས25ཉིན་ནས26ཉིན།  འབར་ཁམས་རྫོང་གིས་སྐབས་གསུམ་པའི་རྒྱལ་རོང་སྐོར་བྲོའི་དུས་ཆེན་སྤེལ་རྒྱུ་ཐག་བཅད་པ་རེད།
            སྐབས་འདིའི་སྐོར་བྲོའི་དུས་ཆེན་དུ་འབར་ཁམས་རྫོང་གིས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་སོ་སོའི་གྲོགས་པོ་རྣམས་གདན་དྲངས་ནས་མཉམ་དུ་སྐོར་བྲོའི་དུས་ཆེན་ལ་རོལ་རྒྱུ་ཡིན་པ་དང་། དུས་ཆེན་ཉིན་རྒྱལ་རོང་བོད་མིའི་ཁྱད་ཆོས་འབུར་དུ་ཐོན་པ་དང་གཉུག་མའི་རྣམ་པ་ལྡན་པའི་གླུ་གར་གྱི་འཁྲབ་སྟོན་བྱེད་རྒྱུ་མ་ཟད། མི་ཁྲི་ཕྲག་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་རྒྱུ་རེད།
            ཚེས25ཉིན་གྱི་སྔ་དྲོར་སྐོར་བྲོའི་དུས་ཆེན་གྱི་མཛད་སྒོ་བསྡུ་རྒྱུ་ཡོན་པ་དང་། རྔ་བ་ཁུལ་རིག་གནས་ལུས་རྩལ་ཐང་ནས་སྐོར་བྲོ་དང་རི་གླུའི་འགྲན་སྡུར་བྱེད་རྒྱུ་ཡིན་པ་དང་། ཚེས26ཉིན་ཅོག་ཙེ་གྲོང་རྡལ་སའི་སོ་སྡེ་བ་དང་། འབར་ཁམས་གྲོང་རྡལ་གཡུ་འབྲུག་སྡེ་བ། རྫོང་འགག་གྲོང་རྡལ་རྫོང་འགག་སྡེ་བ་བཅས་སྤུས་ལེགས་གནས་སྐོར་སྡེ་བ་གསུམ་ནས་གནས་སྐོར་ལ་སྐུལ་འདེད་དང་ཚོང་འགུག་དངུལ་འདྲེན་གྱི་མིང་རྟགས་འགོད་པའི་མཛད་སྒོ་བསྡུ་རྒྱུ་རེད།
            རྒྱལ་རོང་བོད་སྐད་ལས་སྐོར་བྲོ་ལ་སྟར་ག་ཞེས་འབོད་ལ། གར་གྱི་སྟངས་སྟབས་མཛེས་པ་དང་གླུ་སྐད་ཁྱད་དུ་འཕགས་པ་ཞིག་ཡིན། ད་དུང་མི་གྲངས་འབོར་ཆེན་ཞུགས་ནས་མཉམ་དུ་འཁྲབ་པས་ཀྲུང་གོའི་སྐོར་བྲོའི་འགྱུར་རྡོ་གསོན་པོ་ཞེས་པའི་མཚན་སྙན་ཐོགས་པ་རེད། 2004ལོའི་ཟླ7ཚེས11ཉིན། འབར་ཁམས་རྫོང་གིས་སྐབས་དང་བོའི་རྒྱལ་རོང་སྐོར་བྲོའི་དུས་ཆེན་སྤེལ་བ་དང་། སྐབས་དེར་མི་སྟོང་ཕྲག་གཅིག་ལྷག་གིས་མཉམ་དུ་གཞས་གྱེར་བ་དང་མི་ཁྲི་ཕྲག་གཅིག་ལྷག་གིས་མཉམ་དུ་སྐོར་བྲོ་འཁྲབ་པས། འཛམ་གླིང་ཅེ་ནེ་སིའི་ཟིན་ཐོ་བརྒལ་བ་རེད།


འབྲེལ་ཡོད་འོས་སྦྱོར།