logo

ཡུལ་ཤུལ་དུ་ས་འགུལ་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བཟོ་སྐྲུན་གྱི་སློབ་གྲྭ་ཐོག་མ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-12 ཀློག་གྲངས།:


ཡུལ་ཤུལ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་ལོ་རིམ་ལྔ་བའི་སློབ་མ་ཡོངས་
སློབ་ཁྲིད་ཐོག་ཁང་གསར་བའི་མདུན་དུ་པར་ལེན་པ།

  ཟླ8པའི་ཚེས11ཉིན། ཀྲུང་གོའི་ཀྲུང་ཐེ་མ་རྐང་ཚད་ཡོད་ཀུང་ཟིའི་ཨར་བཟོ་ཚོགས་ཁག་གིས་རོགས་སྐྱོར་བྱས་ཏེ་འཛུགས་སྐྲུན་བྱས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་ཆ་ཚང་སློབ་ཆུང་གཉིས་པ་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་པ་རེད། འདི་ནི་ཡུལ་ཤུལ་ལ་ས་འགུལ་གནོད་འཚེ་ཐེབས་པའི་རྗེས་སུ་བསྐྱར་འཛུགས་བྱས་ཏེ་ལེགས་འགྲུབ་བྱུང་བའི་སློབ་གྲྭ་འཛུགས་སྐྲུན་གྱི་བཟོ་སྐྲུན་ཐོག་མ་ཡིན་ཞིང་། བོད་མི་རིགས་ཀྱི་སྲོལ་རྒྱུན་བཟོ་བཀོད་དང་དེང་རབས་ཀྱི་བཟོ་བཀོད་ཟུང་འབྲེལ་བྱས་ནས་འཛུགས་སྐྲུན་བྱས་ཡོད། སློབ་རའི་ནང་དུ་རྩལ་སྦྱོང་དང་། འཚོ་བ། སློབ་ཁྲིད་བཅས་ཁུལ་གསུམ་དུ་བགོས་ཡོད་པ་དང་། སློབ་གྲྭ་འདི་འཛུགས་སྐྲུན་བྱས་པས་ཡུལ་དེའི་བྱིས་པ་རྣམས་བྱིས་ཕྲུག་ཁང་དང་། སློབ་ཆུང་། དེ་ནས་དམའ་འབྲིང་བཅས་འགྲིམ་པར་མུ་རྒྱུད་གཅིག་པའི་སློབ་གསོ་མཁོ་འདོན་བྱས་ཡོད་པ་རེད། སློབ་ཁྲིད་ཐོག་ཁང་དུ་སློབ་ཁང་དང་དགེ་རྒན་གྱི་གཞུང་ལས་ཁང་། དེ་ལས་གཞན་མཛེས་རྩལ་ཁང་དང་། དཔེ་མཛོད་ཁང་། ཚན་རྩལ་ཁང་། སྨྱན་མང་ཁང་སོགས་ཡོད་ལ། འཛིན་གྲྭ48དང་མི2200ལྷག་ནང་དུ་ཤོང་བ་རེད། སློབ་གྲྭའི་ནང་གི་སྒྲིག་བཀོད་ཡོངས་ས་དེ་གའི་ཁོར་ཡུག་དང་མཁའ་དབུགས་ཀྱི་ཆ་རྐྱེན་དང་མཐུན་ཞིང་། ཚད་རིམ་བདུན་ཅན་གྱི་ས་འགུལ་འགོག་ཐུབ་པའི་ཚད་གཞིར་སླེབས་ཡོད་པ་རེད།


སློབ་གྲྭ་དེའི་སློབ་མ་གཉིས་སློབ་ཁྲིད་ཐོག་ཁང་གསར་བའི་ནང་པར་ལེན་པ།


འབྲེལ་ཡོད་འོས་སྦྱོར།