བོད་ལྗོངས་ཀྱི་ཞིང་པས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་ལ་རོལ་བ།

བོད་ལྗོངས་ལྷ་སའི་སྟོད་ལུང་བདེ་ཆེན་རྫོང་གི་ཞིང་པ་རྣམས་ཀྱིས་རྟ་རྒྱུག་འགྲན་བསྡུར་
སྤེལ་ནས་དགའ་སྤྲོའི་ངང་འོང་སྐོར་དུས་ཆེན་རོལ་བ།
ལྷ་མོའི་ཟློས་གར་འཁྲབ་བཞིན་པ།
ལོ་རེའི་ལོ་ལེགས་སྨིན་པ་དང་ཞིང་འབྲེག་པར་ཉེ་བའི་དུས་སུ། བོད་པའི་ཞིང་པ་རྣམས་ཀྱིས་དུས་ཆེན་གྱི་གཟབ་འཆོར་སྤྲས་ཤིང་། ལག་ཏུ་འབྲུ་རིགས་སྣ་ལྔས་གྲུབ་པའི་གྲོ་སོ་ཕྱེ་མར་དང་ནས་ཆང་ཐོགས་ནས་ས་ཞིང་སྟེང་དུ་གླུ་ལེན་གར་ལ་རྩེན་བཞིན་ལོ་རེའི་ལོ་ལེགས་འབྲས་བཟང་སྨིན་པར་སྨོན་འདུན་ཞུ་བའི་འོང་སྐོར་དུས་ཆེན་རོལ་བའི་སྲོལ་ཡོད།
དེང་སྐབས་འོང་སྐོར་དུས་ཆེན་དེ་རྟ་རྒྱུག་དང་། མདའ་འཕེན། གླུ་གར། ལྷ་མོའི་ཟློས་གར། དངོས་ཟོག་བརྗེ་ཚོང་བྱེད་པ་སོགས་རིག་རྩལ་དང་ལུས་རྩལ། ཉོ་ཚོང་བཅས་གཅིག་འདུས་ཀྱི་དུས་ཆེན་ཞིག་ཏུ་གྱུར་ཡོད་པས། ཡུལ་དེའི་བོད་རིགས་ཞིང་འབྲོག་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད།
