མཚོ་ལྷོའི་སྐབས་དང་པོའི་ལ་གཞས་འགྲན་བསྡུར་མི་འགྱངས་བར་སྤེལ་འཆར་ཡོད་པ།
བརྩེ་གླུ་རིག་གནས་ཁྱབ་སྤེལ་དང་། ཡུལ་སྐོར་འཕེལ་རྒྱས་ཡར་སྐུལ་བྱེད་ཆེད། ཀྲུང་གུང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་དང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ། མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་བོད་སྐད་བརྙན་འཕྲིན་བཅས་ཀྱིས་འགན་སྒྲུབ་གནང་བའི2011ལོའི་མཚོ་སྔོན་མཚོ་ལྷོའི་སྐབས་དང་པོའི་གདོད་མའི་ལ་གཞས་འགྲན་བསྡུར་ཏེ“མཛེས་སྡུག་མཚོ་སྔོན། དྭངས་གཙང་མཚོ་ལྷོ”ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་ཟླ8ཚེས3ཉིན་མཚོ་ལྷོའི་ཁྲི་ཀ་རྫོང་དུ་བསྡུས་རྒྱུ་ཡིན་པ་རེད།
“སྐྱེ་ཁམས་དང་། རང་བྱུང་། འཆམ་མཐུན”བརྗོད་བྱ་རུ་བཀོད་ཅིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ལ་གཞས་ཀྱི་ཚབ་མཚོན་རྒྱུན་འཛིན་མི་སྣ་ཆོས་སྐྱིད་སྒྲོལ་མས་ཁྲི་ཀའི་ལ་གཞས་ཚོགས་ཁག་གི་འགོ་ཁྲིད་དེ་ལ་གཞས་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། སྐབས་དང་པོའི་གདོད་མའི་ལ་གཞས་འགྲན་བསྡུར་ནི་མཚོ་ལྷོ་ལ་གཞས་གཙོ་བྱས་པའི་སྣ་མང་མི་རིགས་རིག་གནས་ཐོན་ཁུངས་ཀྱི་ཁྱད་འཕགགས་རང་བཞིན་ལ་གཞི་བཅོལ་ཏེ། མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་ནམ་རྒྱལ་ཡོངས་སུ་སྙན་གྲགས་འབར་བའི་འགྲན་བསྡུར་ཞིག་ཏུ་འགྱུར་བའི་དམིགས་འབེན་བཟུང་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་དང་མང་ཚོགས་ཟབ་ཞུགས། ཚོང་ར་ཅན་གྱི་འཁོར་སྐྱོད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་མཚོ་ལྷོའི་སྣ་མང་མི་རིགས་དང་སྣ་མང་རིག་གནས་ལེགས་ཤིང་མགྱོགས་པའི་སྒོ་ནས་འཕེལ་པར་སྔོན་སྐུལ་བྱེད་པ་ཡིན།
ཟླ8ཚེས3ནས6བར། འགྲན་བསྡུར་རྩ་འཛུགས་ཨུ་ཡོན་གྱིས་སྟ་གོན་འགྲན་བསྡུར་དང་། བསྐྱར་མའི་འགྲན་བསྡུར། རྟིང་རྩོད་འགྲན་བསྡུར་བཅས་ཁྲི་ཀ་རྫོང་གི་རིག་གནས་ཐང་ཆེན་དུ་སྤེལ་རྒྱུ་ཡིན་ཞིང་། ཟླ8ཚེས7ཉིན། “མཛེས་སྡུག་མཚོ་སྔོན། དྭངས་གཙང་མཚོ་ལྷོ”ཞེས་པའི་རིག་རྩལ་འགྲན་བསྡུར་ཁྲི་ཀ་རྫོང་གི་ཆུ་ཟོམ་འཁོར་ལོའི་ཐང་ཆེན་དུ་སྤེལ་རྒྱུ་ཡིན་པ་རེད།