ཆབ་འགག་ཡུལ་དུ་ལབ་ཙེ་ཆབ་རིལ་དུས་སྟོན་ཚོགས་པ།
ཆབ་འགག་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་ལྷོ་འདབས་ཀྱི་ལབ་ཙེ།
ཧོར་ཟླ6ཚེས17ནས19བར། ཆབ་འགག་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་ལྷོ་འདབས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་དམངས་མང་ཚོགས་ཀྱིས་ལབ་ཙེ་ཆབ་རིལ་དུས་སྟོན་རྒྱ་ཆེར་རོལ་བ་རེད།
གར་གྱི་སྟངས་སྟབས་ལ་བསྒྱུར་བཞིན་པ།
གཞས་ལེན་པ།
ལབ་ཙེ་ཆབ་རིལ་གྱི་དུས་ཆེན་སླེབས་ལ་ཉེ་བའི་དུས་འདིར། རྒྱལ་ར་སྡེ་བ་དང་ཨར་ཏི་སྡེ་བ། དུམ་པ་སྡེ་བ་བཅས་སྡེ་ཆེན་གསུམ་གཙོས་པའི་སྡེ་བ་བཅུ་ལྷག་གི་སྐྱེས་པ་རྣམས་ཀྱིས་ལབ་ཙེའི་རྒྱུ་ཆ་གཙོ་བོ་སྟེ་མདའ་ཤིང་དང་ལོ་འདབ་རྒྱས་པའི་སྡོང་ཕྲན། རྒྱལ་མཚན་རྩེ་མོ་བཅས་ཀྱི་དར་ལྕོག སྟག་སེང་ཁྱུང་འབྲུག་གི་རླུང་རྟ། རྩམ་པ་དང་ཤུག་པ་བཅས་ཚང་བའི་བསང་རྩི་སོགས་དང་། སྐྱེས་མ་རྣམས་ཀྱིས་ཁྱིམ་མིའི་ཤོམ་ལྭ་གྲ་སྒྲིག་བྱེད་པ་རེད།
ཉམས་འགྱུར་ལྡན་པའི་ངང་དབྱངས་ཀྱི་འགྱུར་ཁུག་ལ་དྲངས་བ།
གར་གྱི་འཁྱུག་རྩལ་མངོན་པ།
ཚེས17ཉིན། ལབ་ཙེ་ཆབ་རིལ་ཐང་ཆེན་དུ་ཆབ་འགག་ཡུལ་གྱི་སྡེ་ཆེན་གསུམ་ཏེ། རྒྱལ་ར་དང་ཨར་ཏི། དུམ་པ་བཅས་གཙོས་པའི་སྡེ་བ་ཆེ་འབྲིང་ཆུང་གསུམ་བཅུ་ལྷག་གི་སྐྱེ་བོ་རྒན་དར་གཞོན་གསུམ་ཀུན་གྱིས་ལུས་ལ་གོས་རྒྱན་སྤྲས་ནས་ཐང་ཆེན་འདིར་འཛོམས་ཤིང་། ཐོག་མར་སྐྱེས་པ་རྣམས་ཀྱིས་ལབ་ཙེ་བསྟོད་པ་དང་ལྷ་བསང་གཏོང་བ། རིམ་གྱིས་གླུ་ལེན་གར་རྩེ་དང་རྟ་རྒྱུགས་མདའ་འཕེན་གྱི་དགའ་སྟོན་ལ་རོལ་འགོ་བརྩམས་པ་རེད།
གར་འཁྲབ་པའི་རྒྱབ་གཟུགས།
འགྱུར་ཁུག་གིས་བྱུག་པའི་གླུ་དབྱངས་ལེན་བཞིན་པ།
ཚེས18ཉིན། མང་ཚོགས་རྣམས་ད་དུང་ཡིད་མ་ཚིམ་པ་དང་འདྲ་བར་ཤོམ་ལྭ་གཏོས་ཆེན་པོ་གྱོན་ནས་ཐང་འདིར་འཛོམས་ཏེ། མུ་མཐུད་དུ་གླུ་ལེན་གར་རྩེ་དང་རྟ་རྒྱུགས་འགྲན་བསྡུར་བྱེད་ཅིང་། བག་ཕེབས་པའི་ངང་དགའ་སྤྲོའི་དུས་ལ་རོལ། ཚེས19ཉིན། གླུ་གར་དང་རྟ་རྒྱུགས་འགྲན་བསྡུར་གྱི་རྒྱལ་ཕམ་དབྱེ་བ་དང་། དགའ་རྟགས་སོགས་གནང་སྟེ་དུས་སྟོན་མཇུག་རྫོགས་པ་རེད།