ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མི་སྣ་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ལ་ཕེབས་པ།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་སུ་གཟིགས་ཞིབ་བྱེད་པ།
ཟླ7ཚེས16ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་སྒྲུབ་པ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། སྤྱི་ཚོགས་ཚན་རིག་ཁག་གི་འགོ་གཙོ་གཞོན་པ་བསྟན་འཛིན་ལྷུན་གྲུབ། ཞིབ་འཇུག་པ་གཞོན་པ་བན་ཏེ་མཁར། ཞིབ་འཇུག་གཞོགས་འདེགས་པ་དབང་ཕྱུག་སྒྲོལ་མ་བཅས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་སུ་གཟིགས་ཞིབ་ཏུ་ཕེབས་པ་རེད།

ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རྟོག་ཞིབ་ཚན་ཁག་གིས་
མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ལ་ཕྱག་བྲིས་གནང་བ།
མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ཁུལ་རིམ་པའི་ནང་བོད་རྒྱ་སྐད་གཉིས་ཀྱི་དྲ་རྒྱ་འཛུགས་སྐྲུན་གནང་ཞིང་། དྲ་རྒྱའི་ནང་དོན་ཕུན་སུམ་ཚོགས་ཤིང་པར་གཞི་ཁྱད་དུ་འཕགས་པ་དང་། རྒྱ་ཆེ་བའི་དྲ་གྲོགས་རྣམས་ལ་འདི་འདྲའི་སྟབས་བདེ་བའི་ཨ་མདོའི་རིག་གནས་སམ་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་ཞིག་སྐྲུན་འདུག་ཅེས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྟོག་ཞིབ་ཚན་ཁག་གིས་གདེངས་འཇོག་དང་ཁས་ལེན་ཆེན་པོ་གནང་བ་རེད། ཁོ་ཚོས་ད་དུང་གསུང་རྒྱུར། མཚོ་སྔོན་པོ་དྲ་བའི་འཕེལ་རྒྱས་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་བས། མུ་མཐུད་དུ་དྲིལ་སྒྲོག་གི་ནུས་ཚད་མཐོར་འདེགས་སུ་གཏོང་དགོས་ཤིང་། རྗེས་ཕྱོགས་མཐུན་རྐྱེན་ཇེ་ལེགས་སུ་སོང་རྗེས། དབྱིན་ཡིག་པར་གཞིའམ་དྲ་རྒྱ་བཙུགས་ཏེ་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ནི་འཛམ་གླིང་མི་དམངས་ཀྱིས་བོད་ཀྱི་རིག་གནས་དང་བོད་ཀྱི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་དང་། བོད་ཀྱི་རིག་གནས་འདི་འཛམ་གླིང་དུ་བསྐྱོད་པར་ཐུན་མོང་མ་ཡིན་པའི་སྟེགས་བུ་ཞིག་སྐྲུན་དགོས་ཞེས་གདམས་པ་མཛད།
མཇུག་མཐར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ལ“དྲ་བའི་རིག་གནས་ཕུན་སུམ་ཚོགས་པར་ཤོག”ཅེས་པའི་ཕྱག་བྲིས་གནང་བ་རེད།
