《འབྲོག་ཁྱི་རྡོ་རྗེ》བོད་ལྗོངས་རིག་གནས་ཀྱི་ཚབ་བྱེད་བརྩམས་ཆོས་སུ་སྣང་།
འཇར་པན་མིའི་རིས་རྩལ་ལས་བྱུང་བའི་བོད་ལྗོངས་ཀྱི་འཚོ་བ།
ཀྲུང་གོ་དང་འཇར་པན་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་འགུལ་རིས་གློག་བརྙན《འབྲོག་ཁྱི་རྡོ་རྗེ》ཞེས་པ་ཟླ7པའི་ཚེས15ཉིན་དངོས་སུ་སྟོན་རྒྱུ་ཡིན་པ་དང་། གློག་བརྙན་ལས་མ་ཕྱི་བརྩམས་སྒྲུང་ཁྲོད་ཀྱི་བོད་ཡུལ་གྱི་རྣམ་པ་ཆ་ཡོངས་སུ་ཐོན་པར་བྱས་ཡོད་ཅིང་། ཆེས་བབ་ཆགས་ཀྱི་འགུལ་རིས་རྣམ་པ་དང་ཕུན་སུམ་ཚོགས་པའི་གཏམ་རྒྱུད་ལ་བརྟེན་ནས་ལྷད་མེད་ཀྱི་བོད་ལྗོངས་རིག་གནས་ཕྱིར་སྣང་བྱས་འདུག འཁྲབ་ཁྲིད་པ་ཤའོ་ཏོལ་གྱིས་བསྟན་དོན“ང་ཚོས《འབྲོག་ཁྱི་རྡོ་རྗེ》ཞེས་པའི་གློག་བརྙན་འདི་ལ་གཞི་བཅོལ་ཏེ་མི་དམངས་མང་ཚོགས་ཀྱིས་བོད་ལྗོངས་ལ་སྔར་ལས་ལྷག་པར་རྒྱུས་ལོན་དང་ཁྱད་དུ་འཕགས་པའི་མཐོ་སྒང་གི་རིག་གནས་མྱོང་སྣང་བྱེད་པའི་ཆེད་ཡིན”ཟེར།
འབྲོག་ཁྱི་རྡོ་རྗེ།
《འབྲོག་ཁྱི་རྡོ་རྗེ》ཞེས་པའི་གློག་བརྙན་འདིའི་སྔོན་འགྲེམ་གློག་བརྙན་ཁྲོད། འགུལ་རིས་གློག་བརྙན་གཞན་དང་མི་མཚུངས་བའི་ལྷད་མེད་བབ་ཆགས་ཀྱི་ཁྱད་ཆོས་ལྡན། འཁྲབ་ཁྲིད་པ་ཤའོ་ཏོལ་གྱིས་བཤད་རྒྱུར“ང་ཚོས་བོད་ལྗོངས་ནས་ནང་དོན་དང་རྣམ་པ་སོགས་འཚོལ་བསྡུ་བྱས་རྗེས་སླར་འཇར་པན་དུ་ཕྱིན་ཏེ་ཇི་ལྟར་གསར་སྐྲུན་བྱེད་པའི་ཐད་ལ་ཞིབ་འཇུག་བྱས་པ་དང་། མཇུག་མཐར་ལྷད་མེད་བབ་ཆགས་ཀྱི་ཁྱད་ཆོས་གཞིར་བཟུང་བར་གཅིག་མཐུན་གྱི་ལྟ་བ་བྱུང་བ་ཡིན། རྒྱུ་མཚན་ནི་བོད་ལྗོངས་ནི་མ་གཞི་ནས་ཆེས་དག་གཙང་གི་གནས་མཆོག་ཅིག་ཡིན་ལ། ས་དེ་གའི་མི་གཤིས་མ་གཞི་ནས་ཤིན་ཏུ་བབ་ཆགས་ཡིན་པས། ཆེད་དུ《འབྲོག་ཁྱི་རྡོ་རྗེ》ཞེས་པའི་གློག་བརྙན་ལས་ལྷད་མེད་བབ་ཆགས་སྒོས་བོད་ལྗོངས་ཀྱི་རྣམ་པ་མཚོན་པར་བྱས་པ་ཡིན”ཟེར། གློག་བརྙན་གྱི་མཐའ་མའི་རྣམ་པ་ལ་ཡང《འབྲོག་ཁྱི》ཞེས་པའི་བརྩམས་སྒྲུང་རྩོམ་པ་པོ་ཡང་ཏྲི་ཧོས་ཀྱི་ཁེ་ལེན་ཐོབ་ཡོད་ཅིང་། ཁོས་བཤད་རྒྱུར“ངས་བལྟས་ན་གློག་བརྙན་འདིའི་ཐུན་མིན་གྱི་ཁྱད་ཆོས་ཉག་ཅིག་ནི་བབ་ཆགས་ཡིན་པ་དེ་རེད། གཏམ་རྒྱུད་འདིའི་སྒྲིག་བཅོས་ཀྱི་ཐད་ནས་ཀྱང་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་པར་བཅུག དེར་རྟེན་ང་རང་ངོས་ནས་གློག་བརྙན་འདི་ལ་ཁས་ལེན་གང་ལེགས་བྱས་པ་ཡིན”ཟེར།
བོད་ལྗོངས་རི་འགོའི་མཛེས་ལྗོངས།
འདིའི་ནང་འགུལ་རིས་ཀྱི་རྣམ་པ་ལས་གཞན་ད་དུང་ནང་དོན་གྱི་ཕྱོགས་ནས་བོད་ལྗོངས་ཀྱི་རིག་གནས་མཚོན་པའི་ཆ་མང་པོ་ལྡན་ཏེ། དཔེར་ན། འབྲོག་ཁྱི་དང་དཀྲུགས་ཇ་ལྟ་བུ། འབྲོག་ཁྱི་རང་གི་བདག་པོ་ལ་བློ་དཀར་བ་དང་། ཁྱི་ཚོགས་གཞན་དང་འཐབ་འཛིང་བྱེད་པ། དེ་མིན་ཐུན་མོང་མ་ཡིན་པའི་དཀྲུགས་ཇ་དང་དེ་དཀྲུགས་པའི་གོ་རིམ་སོགས་ཀྱིས་དེར་རྒྱུས་མངའ་མེད་པའི་ཕྱི་མི་རྣམས་ཀྱི་མིག་དབང་ཅིག་ཅེར་དུ་འཕྲོག་ངེས།
འཁྲབ་ཁྲིད་པ་ཤའོ་ཏོལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། “གློག་བརྙན་འདི་ནི་གྲོང་ཁྱེར་དུ་ནར་སོན་པའི་བྱིས་པ་ཞིག་ཐོག་མར་བོད་ལྗོངས་སུ་ཕྱིན་པའི་གཏམ་རྒྱུད་ཅིག་ཡིན། འཁྲབ་གཙོ་མི་སྣ་ཐཱན་ཅིན་ནི་ང་ཚོ་མི་མང་པོ་དང་འདྲ་བར་བོད་ལྗོངས་ཀྱི་བྱ་དངོས་ལ་རྒྱུས་ལོན་སྤུ་ཙམ་ཡང་མེད་པར་རྣ་ཐོས་ཙམ་ལས་མ་འདས་པས། མི་སྣ་འདིའི་མིག་དབང་ལས་མི་རྣམས་ལ་བོད་ལྗོངས་ཀྱི་རྣམ་པ་མངོན་པ་དང་། གཟིགས་མོ་བ་ལྷན་རྒྱས་ཀྱང་འཁྲབ་གཙོ་མི་སྣ་ཐཱན་ཅིན་དང་ལྷན་དུ་བོད་ལྗོངས་ལ་རྒྱུས་མངའ་བྱེད་པར་ཡར་སྐུལ་བྱེད་པ་ཡིན། དེར་བརྟེན། གློག་བརྙན་ཁྲོད་འབྲོག་ཁྱི་ལས་གཞན་ད་དུང་ཐཱན་ཅིན་གྱིས་དཀྲུགས་ཇ་དཀྲུགས་པའི་འཁྲབ་སྟོན་བཀོད་སྒྲིག་བྱས་ཏེ། ཐཱན་ཅིན་ཐོག་མར་གོམས་ལོབས་མ་བྱུང་བ་མངོན་པར་བསྟན་པ་དང་། ཁོ་དང་གཟིགས་མོ་བ་རྣམས་ལ་རྒྱུས་མངའ་མེད་པ་ནས་ཡོད་པའི་ཚོར་བ་སྤྲད་དེ་རིམ་བཞིན་གློག་བརྙན་ལ་སྤྲོ་སེམས་འཕེལ་པར་བྱེད་པ་དེ་ཡིན”ཟེར།