ཀྲུང་གོའི་ཚན་རྩལ་འགྲེམ་སྟོན་དེ་མཚོ་སྔོན་ནས་དངོས་སུ་མགོ་བརྩམས་པ།
ཀྲུང་དབྱང་དང་ཞིང་ཆེན། རྫོང་རིམ་པ་བཅས་ཀྱི་མགོ་ཁྲིད་ཀྱིས་ཚན་རྩལ་འགྲེམ་སྟོན་མཚོ་སྔོན་དུ་
བསྐྱོད་པའི་འབབ་ཚུགས་དང་པོའི་མགོ་རྩོམ་མཛད་སྒོར་གསུང་བཤད་གནང་བ།
2011ལོའི་ཟླ7པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་དབྱང་ཚན་རྩལ་ཁང་གིས་གཙོ་སྒྲུབ་བྱས་པ་དང་མཚོ་སྔོན་ཚན་རྩལ་ཁང་གིས་ལག་བསྟར་བྱས་པའི་ཚན་རྩལ་འགྲེམ་སྟོན་མཚོ་སྔོན་དུ་བསྐྱོད་པའི་འབབ་ཚུགས་དང་པོ་དེ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནས་བསྡུས་ཤིང་། འགོ་རྩོམ་པའི་མཛད་སྒོ་དེ་སློབ་གྲྭའི་དགེ་སློབ་ཡོངས་དང་ད་དུང་རྫོང་སྤྱི་བདེ་ཅུའུ། རྫོང་མི་དམངས་སྨན་ཁང་སོགས་ལས་ཁུངས་འགའི་འཐུས་ཚབ་མི་སྣ་དག་གི་ལྷང་ལྷང་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་གཟབ་རྒྱས་ངང་སྤེལ་བ་རེད།
སློབ་གྲྭར་ཚན་རྩལ་དཔེ་ལེགས་སློབ་གྲྭའི་མཚན་སྙན་བྱང་བུ་གནང་བ།
ཚོགས་ཐོག་ཏུ་ཀྲུང་དབྱང་ཚན་རྩལ་ཁང་གི་འགོ་ཁྲིད་དང་མཚོ་སྔོན་ཚན་རྩལ་ཁང་གི་འགོ་ཁྲིད། རྫོང་རིམ་པའི་མགོ་ཁྲིད་སོགས་མཛད་སྒོར་ཞུགས་ཤིང་། མགོ་ཁྲིད་ཚབ་བྱེད་པས་གཏམ་བཤད་གལ་ཆེན་གནང་། ཐེངས་འདིའི་འགྲེམ་སྟོན་ཁྲོད་ཚན་རིག་གི་དཔྱད་ཆས50ལྷག་འགྲེམ་སྟོན་བྱས་ཤིང༌། ནང་དོན་ཐད་ནས་དངོས་ལུགས་དང་རྫས་འགྱུར། གྲངས་རིག་པ། སྐྱེ་དངོས། གློག་རྡུལ་རྩིས་འཁོར་སོགས་ཀྱི་ཚོད་ལྟའི་ཚན་རིག་གི་དཔྱད་ཆས་མང་པོ་ཞིག་འགྲེམ་སྟོན་བྱས་ཏེ་རྒྱ་ཆེའི་ལྟད་མོ་བའི་མིག་རྒྱ་བསྐྱེད་ཅིང༌། ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་མ་ཟད། དགེ་སློབ་རྣམས་ལ་ས་འགུལ་བརྟག་ཆས་ལ་ལག་ལེན་ཚོད་ལྟ་བྱེད་དུ་བཅུག་སྟེ། རང་བྱུང་གི་གནོད་འཚེ་ལ་སྔོན་འགོག་བྱེད་པའི་ཤེས་བྱ་བརྒྱུད་སྒྲོག་དང༌། མེ་འགོག་ཤེས་བྱ། མྱུར་སྐྱོབ་ཤེས་བྱ་སོགས་ལ་ཚོད་ལྟ་ཉམས་ལེན་བྱེད་པའི་ཚན་རིག་གི་ཤེས་བྱ་མང་པོ་སེམས་པའི་སྣོད་དུ་བཅུག
ལྷ་རྫས་ཁ་བཏགས་མཐོ་རུ་བཏེགས་ཏེ་དགའ་བསུའི་མཆོད་ཚིག་སྒྲོག་པ།
རེབ་འདིའི་འགྲེམ་སྟོན་གྱི་དགོངས་དོན་ལ་ཚན་རྩལ་གྱིས་མ་འོངས་འཚོ་བའི་བདེ་སྐྱིད་ལ་ཁག་ཐེག་བྱེད་ཅིང་། ཚན་རྩལ་འདུ་ཤེས་དང་ཚན་རྩལ་སློབ་གསོ་ནི་ཆུང་དུས་ནས་འགོ་བརྩམས་དགོས་པ ། ལྷག་པར་དུ་དེང་གི་དུས་སུ་ཚན་རིག་ལག་རྩལ་གང་སར་དར་ཞིང་ཚན་རྩལ་ཐོན་རྫས་གང་སར་ཁྱབ་པས། ནུབ་ཕྱོགས་ས་ཁུལ་གྱི་རྗེས་རབས་པས་དེ་བས་ཀྱང་ཚན་རིག་ལག་རྩལ་གྱི་ཤེས་བྱར་མཐོང་ཆེན་བྱེད་དགོས་པའི་རེ་བ་ནན་མོ་བཏང་། འདི་ལས་ན་གཞོན་ཐམས་ཅད་ཚན་རིག་ལ་དགའ་ཞིང་ཚན་རིག་ལག་རྩལ་ལ་སྤྲོ་བ་སློང་བའི་སྐུལ་འདེད་ཀྱི་ཅོང་བརྡ་བརྒྱབ་པ་རེད།
འགྲེམ་སྟོན་ཁང་དུ་དགེ་སློབ་རྣམ་པས་ལག་ལེན་ཚོད་ལྟ་བྱེད་པ།
ཚན་རྩལ་འགྲེམ་སྟོན་མཚོ་སྔོན་དུ་བསྐྱོད་པའི་འབབ་ཚུགས་དང་པོ་དེ་རིང་ཁྲི་ཀ་ནས་མགོ་བརྩམས་ཏེ་མཚོ་སྔོན་གྱི་ཧུའུ་ཀྲུའུ་དང་ཏཱ་ཐུང་། སྟོང་སྐོར་སོགས་སུའང་བསྐོར་བསྐྱོད་བྱེད་རྒྱུ་ཡིན་ཞིང་། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་ཐེངས་འདིའི་འགྲེམ་སྟོན་ཁྲོད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་ཚན་རྩལ་དཔེ་ལེགས་སློབ་གྲྭའི་མཚན་སྙན་བྱང་བུ་གནང་བས་སློབ་གྲྭའི་མ་འོངས་པའི་ཁ་ཕྱོགས་དང་མིག་རྒྱང་ལ་མདུན་ལྗོངས་བཟང་བོ་ཞིག་བསྐྲུན་པ་རེད།