མདོ་སྨད་ཀླུ་ཚང་ཡུལ་གྱི་རི་གླུ་འགྲན་ཚོགས་བསྡུས་བའི་གནས་ཚུལ།
རི་གླུ་འགྲན་ཚོགས་ཁྲོད་ཀྱི་དགའ་རྟགས་ཐོབ་མཁན་གྱི་གླུ་བ་གླུ་མ་དང་ལས་བྱེད་མི་སྣའི་འདྲ་པར།
སྤྱི་ཟླ6པའི་ཚེས29ནས་སྤྱི་ཟླ7པའི་ཚེས1བར་གྱི་ཉིན3རིང་ལ་མདོ་སྨད་ཀླུ་ཚང་གསེར་ལྡན་ཐང་ནས་རོགས་ལྷན་འཛོམས་ཀྱི་སྔོན་བསག་གི་ལས་འབྲས་སམ། སྨོན་ལམ་མམ། རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་ཞིག་འགྲིགས་ནས་ས་ཕྱོགས་སོ་སོའི་གླུ་བ་གླུ་མ་བཅུ་གཉིས་ཀྱི་ནང་གི་གླུ་བ་གླུ་མ་གཉིས་རེ་ཁག་བཀར་ཏེ་དུས་ཚོད་གཅིག་གི་ནང་དུ་གླུ་རྩེད་མགོ་ལེན་པ་ནས་རོགས་འགྲོགས་པ་དང་རོགས་མཐུན་པ། རོགས་དྲན་པ། རོགས་སྨྲེང་བ། རོགས་འགལ་བ། རྗེས་སུ་སླར་ཡང་རོགས་དྲན་ནས་དྲན་ཤིང་བཞག་ཏེ། མཇུག་མཐར་ཕོ་མོ་བར་བཀྲ་ཤིས་བདེ་སྨོན་འཇོག་དགོས་པའི་རྩ་དོན་ལྟར། ཉིན་གསུམ་གྱི་རིང་ལ་གླུ་བ་གླུ་མ་དྲུག་གིས་སྔར་ལས་ལྷག་པས་རི་གླུ་སྟེང་རྩོད་འགྲན་བསྡུར་ཞུགས་ནས་བཟང་རྟགས་ཐོབ།
རྩེ་གཞོང་གཡང་གི་ཕྱུག་མོ་ནས་ཐོན་པའི་གླུ་བ་འབྲུག་གོ་རྒྱལ་ལ་མཚོན་ན། ན་ཚོད་ཅུང་རྒན་པོའི་ཚུགས་ཀ་མངོན། ཁོས་སྙན་ལྷང་ལྷང་གིས་ཚིག་འབྲུ་རེ་རེས་དངོས་ཡོད་འཚོ་བའི་ཕོ་མོ་བརྩེ་དུང་གི་སྣང་བརྙན་འབུར་དུ་ཐོན་ཡོད་པ་དང་། སྐད་ངག་དང་གླུ་ཚིག་གི་སྡེབ་སྦྱོར་ལ་བྱང་ཆ་ཤིན་ཏུ་ལྡན་པས། སྒྱུ་རྩལ་གྱི་ཁྱད་ཆོས་དུ་མས་ཕྱུག ཁྱད་པར་དུ་རོགས་མཐུན་པའི་སྐོར་དང་འགལ་བའི་སྐོར་མཚམས་སུ་སླེབས་དུས་ཁོས་གླུ་ཚིག་གི་ཟུར་ངག་ལས་མངོན་པའི་དཔེ་རིས་ནི་རིན་ཐང་བྲལ་བའི་བོད་གདོད་མ་མེས་པོའི་གོམས་གཤིས་ཤིག་དང་ད་ལྟའི་མི་ཡུལ་ཕོ་མོའི་འོ་མའི་མཆོད་རྒྱན་དུ་གྱུར་བས་ཚང་མས་དགའ་བསུ་ཡང་ཡང་ཐོབ།
ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་ནས་ཐོན་པའི་གླུ་མ་སྒྲོལ་དཀར་མཚོ་ལ་མཚོན་ན། སྐད་ངག་དྭངས་ཤིང་ཤིན་ཏུ་སྙན་པ་དང་ཚིག་གི་འགྱུར་ཁུགས་གསལ་བ། མེས་པོ་གོང་མའི་རྒྱུན་ཤེས་བྱང་བ། བོད་རང་གི་འཚོ་བའི་མཐོང་ཐོས་མྱོང་གསུམ་འཛོམས་པས། ཁོ་མོའི་ནང་སེམས་ཀྱི་བརྩེ་དུང་སྦ་གསང་མེད་པར་ཕྱི་རབས་གཞོན་སྐྱེས་ཕོ་མོའི་བརྩེ་དུང་བརྗོད་འདོད་པའི་རེ་སྨོན་དུ་གླུ་བ་གླུ་མ་རྣམས་ལ་བདེན་སྣང་གི་བག་ཆགས་ཟབ་མོ་ཞིག་བཞག
མང་རྫོང་ནས་ཐོན་པའི་གཞོན་དར་གླུ་བ་སྨོན་ལམ་རྒྱ་མཚོར་མཚོན་ན། རོགས་ལྷན་འཛོམས་ཀྱི་འདུ་ཚོགས་དྲུང་ན། ཞེ་མཐུན་རོགས་ལོ་འདྲེན་པའི་མིག་དབང་དུ་གྱུར་ཡོད་ལ། ཁོའི་ཁ་ངོའི་འཛུམ་མདངས་དང་རྐང་ལག་གི་ཉམས་འགྱུར་གྱིས་རྩྭ་ཐང་གི་རྩེད་རོགས་མའི་བརྩེ་སེམས་ཀུན་ནས་འཕྲོག་སྟེ། ཕྱོགས་བཞིའི་ལྟད་མོ་པ་རྣམ་པར་དྲན་དབང་གསོ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པར་མ་ཟད། ལྟད་མོ་པ་རྣམ་པས་དགའ་སྤྲོའི་ཀི་སྒྲ་ཕྱོགས་བཞིར་ཁྱབ།
མགོ་མང་ནས་ཡོང་བའི་ལུས་སྟོབས་རྒྱས་ཤིང་དཔའ་མོ་ཞིག་གི་ཉམས་བརྗིད་ལྡན་པའི་གླུ་མ་ཕག་མོ་འཚོར་མཚོན་ན། རིག་ལམ་ཤིན་ཏུ་མྱུར་བ་དང་སྐད་ངག་གི་ཚིག་འབྲུ་རེའི་ལན་པར་གསར་གཏོད་ཀྱི་ཉམས་འགྱུར་ལྡན་པ། ཁྱད་པར་དུ་རོགས་མཐུན་པ་ནས་དྲན་པ་དང་དྲན་པ་ནས་འགལ་བའི་ཚིག་མཚམས་རེ་ཆུ་བོ་རྒྱུན་བཞིན་བློ་ཡིད་ནས་ཤར་མར་འབབ་ཐུབ་པ་དང་། ཁོ་མོའི་ལྷད་མེད་དྭངས་གཙང་གི་ནང་སེམས་ནས་འཕྱོར་བའི་བརྩེ་འདང་གི་ཚིག་འབྲུ་རེར་དཔེ་འཇོག་གསལ་ཞིང་ངོ་མཚར་ཧ་ཅང་ཆེ།