མཚོ་ལྷོ་ཁུལ་མི་རིགས་སྲོལ་རྒྱུན་ལག་བཟོས་ཐོན་རྫས་བོད་ཀྱི་གཙགས་དྲུབ་ཕྱིར་གཏོང་བྱས་པ།

མཚོ་ལྷོ་ཁུལ་མི་རིགས་སྲོལ་རྒྱུན་ལག་རྩལ་ཐོན་རྫས་ཏེ་བོད་ཀྱི་གཙགས་དྲུབ།
ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐར་མ་མི་རིགས་ལག་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་ཡིས་ཐོན་སྐྱེད་བྱས་པའི་བོད་ཀྱི་གཙགས་དྲུབ་ཐོན་རྫས(བོད་ཀྱི་གཙགས་དྲུབ་ཐང་ཀ33ལ་ཨ་སྒོར23962ཀྱི་རིན་ཐང་ལྡན་ལ། མི་དམངས་སྒོར155490ཡིན་པ་རེད)སྐོར་ཞིག་ཨ་རིར་ཕྱིར་གཏོང་བྱས་པ་རེད། རྒྱུས་ལོན་བྱས་པ་ལྟར་ན། འདི་ནི་མཚོ་སྔོན་ཞིང་ཆེན་ཁེ་ལས་ཁྲོད་ཐེངས་དང་པོར་ཐང་ཀའི་རིགས་ཀྱི་མི་རིགས་ལག་བཟོས་ཐོན་རྫས་ཕྱིར་གཏོང་བྱས་པ་ཡིན་པར་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚུགས་རྗེས་ཐེངས་དང་པོར་ཕྱིར་གཏོང་བྱས་པའི་མི་རིགས་སྲོལ་རྒྱུན་ཐོན་རྫས་ཀྱང་ཡིན། འདི་ལས་མཚོ་ལྷོ་ཁུལ་གྱི་རིག་གནས་ཐོན་རྫས་ཕྱི་ཕྱོགས་སུ་སྐྱོད་འགོ་བརྩམས་ཏེ་སྔར་ལས་རྒྱ་ཆེ་བའི་འཛམ་གླིང་ཚོང་རའི་ནང་དུ་སླེབས་པ་མཚོན་ཐུབ་ཅིང་། མཚོ་ལྷོ་ཁུལ་གྱི་རིག་གནས་ཐོན་ལས་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་གི་ནང་དུ་བསླེབས་འདུག་པའང་མཚོན་ཐུབ།
ཉེ་བའི་ལོ་འགའི་ནང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་སོགས་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག མཚོ་ལྷོ་ཁུལ་གྱིས་ས་གནས་རང་གི་མི་རིགས་དམངས་ཁྲོད་རིག་གནས་ཤུལ་བཞག་ལ་རྐང་བཙུགས་ཐོག “སྲུང་སྐྱོབ་དང་པོ་དང་། འོས་འཚམས་སྔོག་འདོན”གྱི་མི་རིགས་སྲོལ་རྒྱུན་རིག་གནས་ཤུལ་བཞག་གོང་སྤེལ་གྱི་རྩ་དོན་ལྟར། མངོན་མིན་རིག་གནས་ཤུལ་བཞག“མང་རྫོང་གཙགས་དྲུབ”གཙོ་བྱས་པའི་མཚོ་ལྷོ་ས་ཁུལ་གྱི་ཁྱད་འཕགས་མི་རིགས་སྲོལ་རྒྱུན་རིག་གནས་ཐོན་ལས་སྔར་ལས་ལྷག་པར་གསོ་སྤེལ་བྱས་རྐྱེན། “མཚོ་ལྷོའི་གཙགས་དྲུབ”ཞེས་པའི་མིང་གྲགས་རིག་གནས་ཀྱི་གནས་བབ་ལེགས་པོ་ཕལ་ཆེར་ཆགས་འདུག་པ་དང་། མཚོ་ལྷོའི་དངོས་ཡོད་དང་མཐུན་པའི་རིག་གནས་ཐོན་ལས་ཀྱི་བགྲོད་ལམ་གསར་བ་ཞིག་ཀྱང་ཕྱེ་ཡོད། རིག་གནས་ཐོན་ལས་འདི་མཚོ་ལྷོའི་དཔལ་འབྱོར་འཕེལ་སྟངས་བརྗེ་བསྒྱུར་དང་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་བའི་ལས་ཞུགས་སོགས་ཀྱི་ཆ་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན།

མཚོ་ལྷོ་ཁུལ་མི་རིགས་སྲོལ་རྒྱུན་ལག་རྩལ་ཐོན་རྫས་ཏེ་བོད་ཀྱི་གཙགས་དྲུབ།
མཚོ་ལྷོ་ཁུལ་གཙགས་དྲུབ་སྐར་མ་མི་རིགས་ལག་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་ནི་མཚོ་ལྷོ་ཁུལ་རིག་གནས་ཁེ་ལས་ཁྲོད་ཀྱི་ཕུལ་བྱུང་མཚོན་དཔེ་ཡིན་ཞིང་། 2008ལོའི་ཟླ9བར་བཙུགས་པ་ཡིན་ལ། སྔར་མིང་ལ་མཚོ་སྔོན་གཙགས་དྲུབ་སྐར་མ་མི་རིགས་ལག་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་ཟི་ཟེར་ཞིང་ཐོ་འགོད་མ་དངུལ་སྒོར་ཁྲི300ཡོད། འདི་ནི་རྒྱལ་ཡོངས་སུ་ཐེངས་དང་པོར་བཙུགས་པའི་བོད་ལུགས་གཙགས་དྲུབ་ཀུང་ཟི་དང་ཆེས་ཆེ་བའི་གཙགས་དྲུབ་ཀུང་ཟི་ཞིག་ཡིན་པ་རེད།
ཀུང་ཟི་འདིར་མང་རྫོང་དང་། ཁྲི་ཀ་རྫོང་། གསེར་ཆེན་རྫོང་བཅས་རྫོང་ཁག་གསུམ་ན་ཐོན་སྐྱེད་རྟེན་གཞི་ཡོད་པར་མ་ཟད། ཟི་ལིང་དང་ཀན་སུའུ། མང་རྫོང་། ཁྲི་ཀ་རྫོང་། གསེར་ཆེན་རྫོང་སོགས་སུ་ཆེད་འཚོང་ཚོང་ཁང་ཡང་བཙུགས་ཡོད་པ་རེད། མང་རྫོང་དུང་དཀར་བོད་བཟོ་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟི་ནི་མཚོ་སྔོན་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་ཚོད་ལྟའི་ར་བར་གཏོགས་ཤིང་། 2010ལོར་ཀུང་ཟིའི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་ཚོ530ལ་བསླེབས་པ་དང་། ཀུང་ཟིའི་གཏན་སྡོད་ལས་བཟོ་བ94ཡོད།
ཀུང་ཟི་བཙུགས་པ་ནས་བཟུང་། ཞིང་ཆེན་རིམ་པའི་ཚོད་ལྟའི་ལྟེ་གནས་དང་ཞིང་ཆེན་རིམ་པའི་ཐོན་ལས་ཅན་གྱི་དབུལ་སྐྱོར་གཙོ་གྲས་ཁེ་ལས་ཀྱི་འགན་འཁྲི་དང་ནུས་པ་འདོན་སྤེལ་གང་ལེགས་སྒོས། མི་རིགས་དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་སྔོག་འདོན་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་བའི་ལས་ཞུགས་དཀའ་ངལ་སེལ་རྒྱུ་དེ་རང་འགན་དང་པོར་བཟུང་སྟེ། ཁེ་ལས་ཀྱི་གཞི་རྒྱ་མུ་མཐུད་དུ་ཆེ་རུ་བསྐྱེད་པ་དང་། ཐོན་རྫས་ཚོང་རར་འགྲེམ་པའི་ཁྱབ་རྒྱ་ཆེ་རུ་བཏང་བས། སྲིད་གཞུང་རིམ་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ་ཅིང་། 2010ལོར་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཅུས“སྡེ་རིམ་མཉམ་སྐྲུན་ཕུལ་བྱུང་ཁེ་ལས”ཞེས་པའི་མིང་བྱང་བསྩལ་པ་རེད།
ཐེངས་འདིར་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་ནི་ཁེ་ལས་འདིས་ཐོན་སྐྱེད་བྱས་པའི“གཙགས་དྲུབ་སྐར་མ”ཞེས་པའི་མིང་རྟགས་ཅན་གྱི་བོད་བཟོས་གཙགས་དྲུབ་ཐང་ཀ་ཡིན་ལ། ད་ལོར་ཁྲི་ཚོ50ཕྱིར་གཏོང་བྱེད་རྩིས་ཡོད་པའི་འཆར་གཞིའི་ཁག་ཅིག་ཡིན།
