བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས《ཀྲུང་ཧྭ་བཀའ་བསྟན》དཔེ་བསྡུར་མ་འབུལ་བའི་མཛད་སྒོ་སྤེལ་པ།

《ཀྲུང་ཧྭ་བཀའ་བསྟན》བོད་ཡིག་དཔེ་བསྡུར་མ་འབུལ་བའི་མཛད་སྒོ།
2011ལོའི་ཟླ6པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལ《ཀྲུང་ཧྭ་བཀའ་བསྟན》བོད་ཡིག་དཔེ་བསྡུར་མ་འབུལ་བའི་མཛད་སྒོ་སྤེལ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡིའུ་ལུའོ་པིན་གྱིས་ཤིས་ཚིག་ཕུལ་པ་དང་། སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡུན་ཧྭ་ཚོགས་འདུར་ཞུགས། སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་གྱིས་ཚོགས་འདུར་འགོ་འཛིན་མཛད།

《ཀྲུང་ཧྭ་བཀའ་བསྟན》བོད་ཡིག་དཔེ་བསྡུར་མ་འབུལ་བཞིན་པ།
ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དགེ་བའི་བཤེས་གཉེན་ཀྲན་རུའུ་ལགས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚབ་ཞུས་ནས་དཔེ་ཚོགས་དང་ལེན་གནང་པ་མ་ཟད་ཤིས་ཚིག་ཕུལ་ལ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་ཆེད་མཁས་དག་བཀའ་བསྟན་དཔེ་བསྡུར་མ་འབུལ་བའི་མཛད་སྒོར་ཞུགས་པ་རེད།
བོད་ཡིག་པར་གཞིའི《བཀའ་བསྟན་དཔེ་བསྡུར་མ》ལ《བཀའ་འགྱུར》དང《བསྟན་འགྱུར》གཉིས་སུ་དབྱེ་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་གཙོ་གྲས་ཡིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཆེད་མཁས་བརྒྱ་ལྷག་རྩ་འཛུགས་བྱས་ནས་དུས་ཡུན་ལོ་ངོ་ཉི་ཤུའི་རིང་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་གཞི་གཙོ་བོ་འདི་ཉིད་ལེགས་འགྲུབ་བྱུང་སྟེ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་བཀའ་བསྟན་ཆ་ཚང་ལ་པོ་ཏི232ཡོད།
