2011མཚོ་སྔོན་མིན་ཡོན་ཡུངས་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་འགོ་བརྩམས་པ།
ཟླ7པའི་ཚེས2ཉིན། མཛེས་ཤིང་ཡིད་འཕྲོག་པའི་རིག་རྩལ་འཁྲབ་སྟོན་གྱི་དགའ་སྤྲོའི་ཁྲོད། 2011མིན་ཡོན་ཡུངས་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་ཧའོ་མིན་གྲོང་རྡལ་ནས་དངོས་སུ་འགོ་བརྩམས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཡུངས་དཀར་མེ་ཏོག་དུས་ཆེན་ཉིན6རིང་སྤེལ་རྒྱུ་ཡིན་པ་དང་། དེའི་རིང་འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཆེན་མོ་དང་། ཐང་ཆེན་རིག་གནས་སྒྱུ་རྩལ་འཁྲབ་སྟོན། དངོས་པོ་མིན་པའི་ཤུལ་བཞག་རིག་གནས་འགྲེམ་སྟོན། མིན་ཡོན་ལ་གཞས་སྤྲོ་ཚོགས། ཧེ་རིགས་ཀྱི་དམངས་སྲོལ་འགྲེམ་སྟོན་དང་མེ་ཏོག་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། དུས་མཚུངས་སུ་མིན་ཡོན་རྫོང་གིས་ད་རུང་མེ་ཏོག་གི་དུས་ཆེན་ལ་བརྟེན་ནས་གནས་སྐོར་བར་ཞན་མུས་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལ་སོགས་པའི་མཛེས་ལྗོངས་ཁུལ་མང་པོ་ཞིག་གི་སྒོ་ཕྱེས་ནས་ད་ལོའི་གནས་སྐོར་རྫོགས་ལྡན་དུས་སྐབས་ཀྱི་འགོ་རྩོམ་རྒྱུ་རེད། །