logo

གཡུང་དྲུང་རྒྱལ་གྱི་ཆེད་སྒྲིག་གསར་བ《བོད་ཀྱི་གབ་ཕྱུང》ཞེས་པ་གསར་སྒྲིག་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:བོད་མིའི་རིག་གནས་དྲ་བ། དུས་ཚོད།:2011-07-05 ཀློག་གྲངས།:


གླུ་བ་གཡུང་དྲུང་རྒྱལ།

             བོད་ཀྱི་དེང་གཞས་གླུ་བའི་ཡང་རྩེ་གཡུང་དྲུང་རྒྱལ་གྱི་གླུ་དབྱངས་ཧ་ཅང་དར་ཁྱབ་ཆེ་ལ། བརྟན་བརླིང་འགྱུར་མེད་ཀྱི་བོད་ཀྱི་ཕོ་སར་འདི་ཡིས་གསར་རྩོམ་དང་དབྱངས་རྟར་གྱེར་མྱོང་བའི་གླུ་གཞས་བརྩམས་ཆོས་དག་གིས་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་དེང་རབས་རོལ་དབྱངས་མཉམ་དུ་གོང་བུ་གཅིག་སྒྲིལ་བྱས་པ་དང་། ཁོང་གི་ཐུན་མིན་གྱི་ཚོར་རྟོག་དང་ཁྱད་ཆོས་འབུར་ཐོན་གྱི་བོད་གཞས་ལེན་རྟ་ཡིས་མཐོ་སྒང་གི་བརྩེ་བ་མཐའ་དག་ལྷུག་པོར་བརྗོད་པས། ཀྲུང་གོའི་དེང་རབས་རོལ་དབྱངས་ཀྱི་གར་སྟེགས་སྟེང་ཐུན་མིན་ཁྱད་ཆོས་ཀྱི་དར་ཆ་ཞིག་བསྒྲེངས་ཡོད། 
             《བོད་ཀྱི་གབ་ཕྱུང》ནི་གཡུང་དྲུང་རྒྱལ་གྱིས་འགྲོ་གྲོན་བཏང་ནས་གཙོ་འགན་བཞེས་པ་དང་། ཞབས་བྲོ་སྒྱུ་རྩལ་པ་དབྱང་ལི་ཕེང་གིས་རྩོམ་སྒྲིག་འཁྲབ་ཁྲིད་བྱས་པའི་བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་ཟློས་གར་ཐོག་མ་རེད། 
             གླུ་དབྱངས་ཟློས་གར་འདི་ཉིད་འཁྲབ་སྟོན་བྱས་རྗེས། སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་མི་སྣ་ཡིས་ཚད་མཐོའི་གདེང་འཇོག་ཐོབ་པ་མ་ཟད། འཁྲབ་སྟོན་དེར་གཟིགས་རྗེས་ཚང་མར་སེམས་འགུལ་ཆེན་པོ་ཐེབས། རྨ་བྱའི་སྲས་མོ་ཞེས་པའི་མཚན་སྙན་ཡོད་པའི་དབྱང་ལི་ཕེང་གི་འཇོ་སྒེག་མཉེན་ལྕུགས་ཀྱི་གར་སྟབས་དེ་ནི། རང་བྱུང་ཁམས་ཆེན་མོས་གསོ་སྐྱོང་བྱས་པའི་སྒྱུ་རྩལ་གྱི་གཅེས་ནོར་ཞིག་དང་མཚུངས། 
             ད་ཐེངས་གཡུང་དྲུང་རྒྱལ་གྱིས་ང་ཚོ་འཁྲིད་ནས《བོད་ཀྱི་གབ་ཕྱུང》གི་ཚོར་སྣང་གསར་བ་ཞིག་མྱོང་དུ་བཅུག་པ་ནི། ཟླ 7 པའི་ཟླ་དཀྱིལ་དུ་འགྲེམ་སྤེལ་བྱ་རྩིས་ཡོད་པའི་ལོ་རྒྱུས་སྙན་ངག་གི་རྣམ་པའི་མི་སྒེར་གྱི་ཆེད་སྒྲིག་གསར་བ《བོད་ཀྱི་གབ་ཕྱུང་།   འབྲོག་མིའི་གླུ་དབྱངས》ཞེས་པ་དེ་རེད། 
             རྒྱུས་ལོན་བྱས་པ་ལྟར་ན།《བོད་ཀྱི་གབ་ཕྱུང་། འབྲོག་མིའི་གླུ་དབྱངས》ཞེས་པ་ནི《བོད་ཀྱི་གབ་ཕྱུང》གི་རྒྱུན་མཐུད་ཡིན་པ་དང་། དེ་ཡང་ལོ་རྒྱུས་སྙན་ངག《གེ་སར་གྱི་སྒྲུང》གཞིར་བྱས་ནས་གསར་རྩོམ་ལེགས་འགྲུབ་བྱུང་བ་ཞིག་རེད། 《གེ་སར་གྱི་སྒྲུང》ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་དུ་མ་ཉམས་པར་ངག་ནས་གྱེར་ལེན་རྒྱུད་སྤེལ་བྱས་པའི་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་རིང་མོ་ཞིག་ཡིན་པ་མ་ཟད། ད་བར་འཛམ་གླིང་སྟེང་གི “གསོན་པོའི་རྣམ་པའི” ལོ་རྒྱུས་སྙན་ངག་གཅིག་རྐྱང་ཡིན། ལོ་རྒྱུས་སྙན་ངག་དེ་ཡིས་གེ་སར་རྒྱལ་པོ་མི་ཡུལ་དུ་ཕེབས་ནས་བདུད་དཔུང་བཅོམ་སྟེ་མི་སེར་བདེ་ལ་བཀོད་པ་དང་། མཛད་རྗེས་རླབས་ཆེན་མཐར་ཕྱིན་ནས་ལྷ་ཡུལ་དུ་ཕྱིར་ལོག་པའི་གཏམ་རྒྱུད་བརྗོད་ཡོད། ལོ་རྒྱུས་སྙན་ངག་དེ་ཉིད་ད་བར་མི་དམངས་མང་ཚོགས་ཀྱི་སེམས་ལ་གསོན་པོར་གནས་ཡོད་པ་དང་། མདོ་དབུས་མཐོ་སྒང་དུ་དར་ཁྱབ་ཧ་ཅང་ཆེ། དམངས་ཁྲོད་ཀྱི་སྒྲུང་པས་ཁྱད་ཆོས་མི་འདྲ་བའི་ངག་གི་འགྱུར་ཁུག་གི་སྟེང་ནས་གནའ་བོའི་དུས་ནས་ད་ལྟའི་བར་དུ་སྒྲུང་བཤད་གནང་བ་རེད།
             གཡུང་དྲུང་རྒྱལ་གྱི་ཆེད་སྒྲིག་གསར་བ《བོད་ཀྱི་གབ་ཕྱུང་།  འབྲོག་མིའི་གླུ་དབྱངས》ཀྱི་ཁྲོད་དུ་རོལ་དབྱངས་ཀྱི་རྣམ་པར་བརྟེན་ནས《གེ་སར་སྒྲུང》གི་ཁྲོད་ཀྱི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད། གླུ་གཞས་དང་ཞབས་བྲོ། རོལ་དབྱངས་སོགས་ལ་བརྟེན་ནས་ལྐོག་གྱུར་དང་རྒྱ་ཆེ་བ། ལོ་རྒྱུས་རིང་ཞིང་མཚར་སྡུག་ལྡན་པའི་ཡུལ་སྲོལ་གོམས་འདྲིས་མཚོན་པའི་མཛེས་རིས་ཤིག་བཞེངས་སྐྲུན་བྱས་འདུག སྤྱིར་བཏང་གི་བརྙན་འཁོར་དང་བསྡུར་ན་འཁྲབ་སྟོན་དངོས་སུ་མཐོང་བའི་ཚོར་བ་དང་བརྗོད་བྱ་བཅོས་མིན་གྱི་ཚོར་བ་ཞིག་སྟེར་བ་དང་། དེ་ཡི་ཕུན་སུམ་ཚོགས་པའི་བསམ་པའི་བཀོད་ཤུགས་དང་། མི་སེམས་འགུག་པའི་རོལ་དབྱངས་ཀྱིས། ལོ་རྒྱུས་སྙན་ངག《གེ་སར་སྒྲུང》གི་ཁྲོད་ཀྱི་འགྱུར་ཁུག་ལྡན་ཞིང་མི་སེམས་གཡོ་བའི་གསོན་ཉམས་དེ་གཡུང་དྲུང་རྒྱལ་གྱི་ངག་གི་དབྱངས་རྟར་བསྐྱོན་ཚེ་ད་གཟོད་ཕྱིར་མངོན་བྱེད་ཐུབ་ལ། དེ་ཡིས་ཐུན་མིན་གྱི་སྒྱུ་རྩལ་འགུག་ནུས་ལ་བརྟེན་ནས་《གེ་སར་གྱི་སྒྲུང》གི་རིག་གནས་བསམ་བློ་ཁྱབ་བསྒྲགས་བྱས་ཡོད། གཡུང་དྲུང་རྒྱལ་མི་སྒེར་གྱི་ཆེད་སྒྲིག་གསར་བ་འདི་ཡིས་ང་ཚོའི་སྙན་ལམ་དུ་ངོ་མཚར་ལྐོག་གྱུར་གྱི་བོད་ཀྱི་རོལ་དབྱངས་གསར་བ་ཞིག་དབུལ་ངེས་རེད།


འབྲེལ་ཡོད་འོས་སྦྱོར།