“མཛེས་སྡུག་གི་མཚོ་སྔོན”སོགས་མཉམ་ལེན་ཆེན་མོ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་སྤེལ་པ།
ཚེས3ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་གྲྭ་ཆེན་མོ་དང་། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་སྐབས་དང་པོའི“མཛེས་སྡུག་གི་མཚོ་སྔོན”ཞེས་པའི་མཉམ་ལེན་ཆེན་མོ་དང་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་སློབ་ར་ནས་ལེན་ཞེས་པའི་མཉམ་ལེན་ཆེན་མོའི་ཡར་ཞུ་འཁྲབ་སྟོན་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་སྤེལ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཀྲུང་པོ་གཉིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རི་བོའི་སློབ་འབྲིང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ། ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་བརྒྱད་པ། མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་སོགས་རུ་ཁག་བཅུ་བཞི་ལས་གྲུབ་པའི་གླུ་དབྱངས་འགྲན་བསྡུར་རུ་ཁག་གིས«ང་རང་ཀྲུང་ཧྭར་དགའ»ཞེས་པ་དང་། «མཛེས་སྡུག་གི་རྩྭ་ཐང་ང་ཡི་ཕ་ཡུལ» «ང་ཡི་མེས་རྒྱལ»ཞེས་པའི་གསར་བརྗེ་གླུ་དབྱངས་ལེགས་ཤོས་སྐོར་ཞིག་བླངས་ནས། དེང་རབས་ན་གཞོན་སློབ་མའི་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་རྣམ་པ་མཚོན་པར་བྱས།