སྲོང་བཙན་སྒམ་པོ་འཁྲུངས་ཡུལ་མལ་གྲོ་གུང་དཀར་རྫོང་རྒྱ་མ་མཛེས་ལྗོངས་ཁུལ་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེས་པ།

སྒོ་ཆེན།
ཉེ་ལམ། མལ་གྲོ་གུང་དཀར་རྫོང་རྒྱ་མ་མཛེས་ལྗོངས་ཁུལ་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེས་ཡོད་པ་རེད། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། 2007ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་རྒྱ་མ་ལུང་བ་དེ་རྫོང་ཡོངས་ཀྱི་མཛེས་ལྗོངས་ས་ཁུལ་གཙོ་བོར་བཟུང་ནས་འཛུགས་སྐྲུན་བྱས་ཤིང་། ད་ལྟའི་བར་དུ་དམངས་སྒོར་ཁྲི3500འགྲོ་སོང་བཏང་ནས“རྒྱ་མ་ལུང་བ་མཛེས་ལྗོངས་ཁུལ་གསར་སྤེལ་དང་འཛུགས་སྐྲུན་བྱེད་པའི་འཆར་གཞི”གཏན་འཁེལ་བཟོས་ཤིང་། སྔ་གཞུག་ཏུ་མཛེས་ལྗོངས་ཁུལ་དུ་འགྲོ་སའི་སྒོ་ཆེན་དང་སྲོང་བཙན་སྒམ་པོའི་རྗེས་དྲན་ཁང་སོགས་བཞེངས་པ་མ་ཟད། བོད་བཙན་པོའི་དུས་སྐབས་ཀྱི་གྱང་མཁར་ལ་སྲུང་སྐྱོབ་བྱེད་པ་དང་། གཞིས་ཀའི་ཤུལ་རྙིང་བསྐྱར་གསོ་བྱེད་པ། སྲོང་བཙན་ལྷ་ཁང་ཞིག་གསོ་བྱེད་པ་སོགས་བྱས་ལ། ལྗོངས་རྒྱུའི་རྣམ་གྲངས་གང་མང་ཞིག་ལ་སྲུང་སྐྱོབ་ཀྱི་ཚུལ་དུ་གསར་སྤེལ་བྱས་པ་དང་། རྒྱ་མ་ལུང་བ་ས་ཁུལ་དེ་སྔར་ལས་ཀྱང་ལྗོངས་རྒྱུ་བྱེད་རིན་ཡོད་པ་བཟོས་ཤིང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྗོངས་རྒྱུའི་ལམ་ཐིག་གི་མགྲོན་པོ་འགུག་པའི་ནུས་པ་ཆེ་རུ་བཏང་ཡོད།

མཛེས་ལྗོངས།
དེ་དང་དུས་མཚུངས་སུ། རྒྱལ་ཁབ་ཀྱི་ཞིང་འབྲོག་མི་སེར་གྱི་གཏན་སྡོད་ལས་གཞིའི་འཛུགས་སྐྲུན་དང་སྦྲེལ་ཏེ་ཞིང་འབྲོག་དུད་ཚང་ལ་གསབ་དངུལ་གནང་བའི་བྱེད་ཐབས་སྤྱད་ནས། མཛེས་ལྗོངས་ས་ཁུལ་གྱི་སྡེ་བ་ཚོ་བའི་སྡོད་ཁང་ཡོངས་ལ་བསྒྱུར་བཅོས་བྱས་ཤིང་བོད་ཀྱི་ཁྱད་ཆོས་དང་ལྡན་པར་བཟོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱ་མ་ལུང་བའི་མཛེས་ལྗོངས་ས་ཁུལ་གསར་སྤེལ་དང་འཛུགས་བྱེད་པའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ཕྱོགས་ཡོངས་ནས་ལུགས་དང་མཐུན་པའི་སྒོ་ནས་གསར་སྤེལ་འཛུགས་སྐྲུན་བྱས་པས། རྒྱ་མ་མཛེས་ལྗོངས་ཁུལ་དེ་ཉིད་ད་ལྟ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྗོངས་རྒྱུའི་ལམ་ཐིག་སྟེང་གི་གནས་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
