ཁྲི་ཀའི་རིག་གནས་ཐང་ཆེན་དུ་དབྱར་དྲུག་པའི་གཟི་བྱིན་ཞེས་པའི་རིག་རྩལ་སྤྲོ་ཚོགས་བསྡུས་པ།
རེབ་འདིའི་བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ་རྣམ་པས་སྤྲོ་ཚོགས་མགོ་རྩོམ་པའི་མཆོད་ཚིག་སྒྲོག་པ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར90འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཁྲི་ཀའི་རིག་གནས་ཐང་ཆེན་དུ་ཐེངས་གཉིས་པའི་རིག་རྩལ་འཁྲབ་སྟོན་བསྡུས་པ་རེད།
གཡའ་དག་པའི་ཁྲི་ཀའི་རིག་གནས་ཐང་ཆེན་གྱི་མཛེས་ལྗོངས།
ཡོད་ཚད་ལ་ལྗང་མདོག་གི་གོས་བཟང་མནབས་ཤིང་དཀར་དམར་མེ་ཏོག་གི་ཁྱུ་ཚོགས་སྡུག་པོར་བཞད་པའི་ཁོང་གསེང་འདི་ལ་ཁྲི་ཀ་རྫོང་སློབ་གསོ་ཅུའུ་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་གཉིས་མཉམ་འབྲེལ་བྱས་ནས་ཟླ6པའི་ཚེས26ཉིན་དབྱར་དྲུག་པའི་གཟི་བྱིན་ཞེས་པའི་རིག་རྩལ་སྤྲོ་ཚོགས་ཤིག་ཁྲི་ཀ་རྫོང་གི་རྒྱ་ཆེའི་སེར་སྐྱ་ཕོ་མོ་ཡོངས་དང་ཁ་གཏད་ནས་གནའ་བོའི་བཟོ་བཀོད་མངོན་པར་མཚོན་ཞིང་ཤིང་སྣ་མི་གཅིག་པའི་ལྗོན་པ་རེ་རེའི་འདབ་ལོ་སྟུག་པོར་རྒྱས་པ། བསུང་ངད་ཞིམ་ཞིང་མིག་ལ་མཛེས་པའི་མེ་ཏོག་གི་གུར་ཁང་ཕུབ་འདྲའི་རྫོང་གི་རིག་གནས་ཐང་ཆེན་དུ་འཁྲུག་ཆ་དོད་པའི་ངང་མང་ཚོགས་རྣམ་པའི་གཅིག་འཇགས་གཅིག་ལངས་ཀྱི་ལྷང་ལྷང་མཐེབ་མོའི་རྡེབ་སྒྲའི་ཁྲོད་སྤྲོ་སྐྱིད་དང་མཚར་སྡུག་འདྲེས་མས་བདེ་ལེགས་ངང་ཚོགས།
རྩལ་དྲུག་རྫོགས་པའི་སློབ་མ་སྐོར་ཞིག་གིས་ཧྲོ་ལིན་དྲག་རྩལ་གྱི་ཚན་པ་ཞིག་ཀུན་གྱི་དགའ་བའི་གསོས་སུ་འདྲེན་པ།
ཐོག་མར་གླུ་བ་གླུ་མ་ཆུང་ཆུང་གཉིས་ཀྱིས་རོལ་དབྱངས་ཀྱི་རམ་འདེགས་དང་སྦྱར་ནས་སྙན་མོ་ངག་གི་འགྱུར་ཁུགས་ལས་དམངས་གླུ་ཚན་པ་ཞིག་གི་རྩེད་མགོ་བླངས་རྗེས་འཛིན་གྲྭ་སོ་སོས་རང་རང་གི་གྲ་སྒྲིག་དང་རྩེད་མོའི་སྒྲིག་རིམ་ལྟར་དུ་བོད་རིགས་ཞབས་བྲོ། རྒྱ་རིགས་ཞབས་བྲོ། རྒྱ་གར་ཞབས་བྲོ། ཡུ་གུར་རིགས་ཀྱི་ཞབས་བྲོ། སོག་བྲོ་སོགས་བྲོ་གར་སྣ་ཚོགས་པ་ལུ་གུ་བརྒྱུད་ལྟར་གཅིག་ལས་གཅིག་ལྷག་གི་ངོ་མཚར་བསྣན་ཞིང༌། མ་ཟད་གླུ་གཞས་དང་དྲག་རྩལ་འཁྲབ་སྟོན་སོགས་རྣམ་པ་གསར་བའི་ལྟད་མོས་དེ་ལས་ལྷག་པའི་མང་ཚོགས་ཀྱི་ཡིད་ཀྱི་དགའ་སྤྲོ་ཅིག་ཅར་དུ་འཕྲོག
ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་མགོ་མཇུག་བར་གསུམ་ལ་ལོ་རིམ་དྲུག་པའི་དགེ་སློབ་ཟུང་གི་མཉམ་འབྲེལ་དང་དཀའ་སྤྱད་ཀྱི་རྩོལ་བ་ལ་བརྟེན་ནས་ནང་དོན་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ། རྩེད་མོའི་རྣམ་གྲངས་མང་བ། ཚད་མཐོ་ཞིང་རྒྱུ་སྤུས་བཟང་བའི་ལྟད་མོ་ཡིད་འཕྲོག་པ་ཞིག་ཀུན་གྱི་མིག་གི་ལོངས་སྤྱོད་དུ་སྨིན་པ་རེད།
ལྷག་པར་ལོ་རིམ་མགོ་ཁྲིད་ཀྱིས་ཡང་དག་ཅིང་ཚགས་དམ་པའི་བཀོག་སྒྲིག་གི་སྣེ་སྟོན་འོག་ནས་དགེ་རྒན་རྣམ་པས་རང་རང་གི་འོས་འགན་ཕྲག་ཏུ་བླངས་པ། ཕན་ཚུན་ལ་འགྲན་རྩོད་འཕེལ་རྒྱས་ཀྱི་དམིགས་པ་གཅིག་ལ་གཏད་དེ་སློབ་གྲྭའི་དགེ་སློབ་ཡོངས་དང་རྒྱ་ཆེའི་ལྟད་མོ་བ་རྣམ་པས་དགའ་བསུའི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཞིང་ཚད་མཐོན་པོས་གདེངས་འཇོག་ཡི་རང་བྱེད་བཞིན་ཡོད་པ་རེད།