《རི་བོ་ཉི་ཟླའི་བརྩམས་ཆོས་བདམས་བསྒྲིགས》འགྲེམ་སྤེལ་གསལ་བརྡ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་དགུ་བཅུ་ལོན་པ་དང་རི་བོ་ཉི་ཟླ་དུས་དེབ་སྤེལ་ནས་ལོ་འཁོར་ཉི་ཤུ་ལོན་པར་རྗེས་དྲན་རྟེན་འབྲེལ་ཞུ་ཆེད། གསེར་ཆེན་རྫོང་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་བཞི་བའི་ནང་མི་སྣ་རྩ་འཛུགས་བྱས་ཏེ《རི་བོ་ཉི་ཟླའི་ལོ་འཁོར་ཉི་ཤུའི་ཕུལ་བྱུང་བརྩམས་ཆོས་བདམས་བསྒྲིགས》ཞེས་པ་རྩོམ་བསྒྲིགས་བྱས་ཤིང་། མི་འགྱང་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།
རི་བོ་ཉི་ཟླ་དུས་དེབ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བོད་ཀྱི་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས1991ལོར་གསར་འདོན་བྱས་པའི་ས་གནས་རང་བཞིན་གྱི་རྩོམ་རིག་ཀློག་དེབ་ཅིག་ཡིན་ཞིང་། དུས་དེབ་སྤེལ་ནས་མི་ལོ་ཉི་ཤུའི་རིང་ལ་འདི་གའི་རྩོམ་སྒྲིག་ཁང་གིས་ཐོག་མཐའ་ཀུན་ཏུ་བོད་ཀྱི་དེང་རབས་རྩོམ་རིག་ལས་དོན་མདུན་སྐུལ་དང་ས་གནས་རང་གི་གསར་སྐྱེས་རྩོམ་པ་པོའི་སྐྱེད་སྲིང་ལ་འབད་པ་རྒྱུན་ཆགས་བྱས་པའི་མཚུངས་སུ། བོད་ཀྱི་སྐད་ཡིག་བྱ་བར་སྐུལ་འདེད་གཏོང་བ་དེ་རང་གི་ཟློག་མེད་ཀྱི་ལས་འགན་དུ་རྩིས་ནས་མི་རིགས་རིག་གནས་ཀྱི་དར་འཕེལ་ལ་འབད་བརྩོན་ལྷོད་མེད་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་ཀློག་པ་པོའི་སྡེ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད།
རྒྱུས་ལོན་བྱས་པ་ལྟར་ན།《རི་བོ་ཉི་ཟླའི་ལོ་འཁོར་ཉི་ཤུའི་ཕུལ་བྱུང་བརྩམས་ཆོས་བདམས་བསྒྲིགས》ཞེས་པའི་ནང་དུ་བསྡོམས་པས་སྒྲུང་གཏམ་དང་། འབོལ་རྩོམ། དཔྱད་རྩོམ། སྙན་ཚིག་སོགས་བརྩམས་ཆོས60ལྷག་བདམས་བསྒྲིགས་བྱས་ཡོད་ཅིང་། ཡིག་འབྲུ་ཁྲི་ཚོ25ལྷག་ཡོད་པར་བཤད།
དཔེ་དེབ་འདི་ཉིད་བདེ་བླག་ངང་པར་དུ་བསྐྲུན་ཐུབ་པ་ནི། གསེར་ཆེན་ས་ཁུལ་གྱི་རྩོམ་རིག་ལ་མོས་འདུན་ཟབ་པའི་རྒྱ་ཆེའི་སྨྱུག་ཐོགས་པ་རྣམས་ཀྱིས་རླབས་ཆེན་ཏང་གི་འཁྲུངས་སྐར་ལ་ཕུལ་བའི་རྟེན་འབྲེལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཡིན་ལ། རི་བོ་ཉི་ཟླ་དུས་དེབ་སྤེལ་ནས་ལོ་འཁོར་ཉི་ཤུ་ཕྱིན་པའི་དུས་སུ་བློ་ལྡན་དགྱེས་པའི་དཔལ་དུ་བསྩལ་བའི་མི་རིགས་ས་གནས་ཀྱི་རྩོམ་རིག་ལས་དོན་ཐད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་གསོལ་སྟོན་ཐེངས་ཤིག་ཀྱང་ཡིན་པས། བྱ་བ་འདི་ཉིས་ཀྱིས་གསེར་ཆེན་རྫོང་གི་ས་གནས་རིག་གནས་ཀྱི་མཚན་སྙན་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སུ་སྒྲོག་པ་དང་། གསེར་ཆེན་ས་ཁུལ་གྱི་དཔལ་ཡོན་གསུམ་གྱི་འཛུགས་སྐྲུན་ལས་དོན་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཞིག་གདོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ལྷ་འབྲུག་རྒྱལ་གྱིས་སྒྲིག་བསྒྱུར་བྱས།