རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་འཚོགས་པ།
ཚོགས་འདུའི་འགོ་ཚུགས་མཛད་སྒོ།
ཉེ་ལམ་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་འབར་ཁམས་ནས་འཚོགས་ཤིང་། ཚོགས་འདུའི་སྟེང་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་བརྒྱད་པའི་གཞུག་གི་ལས་དོན་ལ་ཕྱོགས་བསྡོམས་དང་། རྗེས་ཕྱོགས་ཀྱི་ལས་འགན་དང་དམིགས་འབེན་སོགས་བཏོན་པ་མ་ཟད། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ལ། གཞན་ད་དུང་སྐབས་དགུ་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་འདེམས་བསྐོ་བྱས་ལ། ཁུལ་ཡོངས་ཀྱི་ནང་བསྟན་པའི་འཐུས་མི97དང་། ཆེད་དུ་གདན་ཞུ་བྱས་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཁུལ་དང་ཞིང་ཆེན་གྱི་འབྲེལ་ཡོད་འགོ་བ་ཚོས་སྐབས་དང་བོའི་ཁུལ་ནང་
བསྟན་མཐུན་ཚོགས་ཀྱི་ཚོགས་མི་དང་མཉམ་དུ་པར་བསྐྱོན་པ།
རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་གཙོ་གཞོན་པ་པའེ་ལི་ཁྲེང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་སོགས་འབྲེལ་ཡོད་འགོ་བ་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་མ་ཟད། ཚོགས་འདུར་ཞུགས་པའི་འཐུས་མི་དང་མཉམ་དུ་འདྲ་པར་བསྐྱོན།
ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི། རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཚན་རིག་གི་འཕེལ་རྒྱས་ཀྱི་ལྟ་བ་དོན་དུ་འཁྱོལ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་ལག་བསྟར་བྱེད་པ། མི་ཡུལ་ནང་བསྟན་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཤུགས་ཆེན་པོས་རང་ཉིད་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ལ་ནུས་ཤུགས་འདོན་པར་གཞོལ་བ་བཅས་རེད།
གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར་རྔ་བ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚེ་བརྟན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། སྐབས་བརྒྱད་པའི་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྤྲུལ་སྐུ་སྐལ་བཟང་རིན་ཆེན་གྱིས་ཚོགས་འདུ་འགོ་ཚུགས་པའི་གསུང་བཤད་གནང་།
སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱི་མངགས་བཅོལ་ལྟར། སྐབས་བརྒྱད་པའི་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དབང་གྲགས་ཚང་གིས་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བགྱིས་ཏེ་ལས་དོན་སྙན་ཞུ་གནང་བ་དང་། ཁུལ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཕིང་གིས《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》བཟོ་བཅོས་བྱས་པའི་སྙན་ཞུ་གནང་པ་རེད།
སྐབས་དགུ་བའི་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་ཚང་།
ཚོགས་འདུའི་སྟེང་། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་བའི་འཐུས་མི་ཡིས་ནན་ཏན་གྱིས་སྐབས་བརྒྱད་པའི་ནང་བསྟན་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག་》བཟོ་བཅོས་བྱས་པའི་སྙན་ཞུར་ཉན་པ་མ་ཟད་གྲོས་ཞིབ་ཀྱང་བྱས་པ་དང་། ཡིད་གཟབ་ནན་མོས་སྐབས་དགུ་བའི་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་མི་སྣ69དང་། རྒྱུན་ལས་ལས་འཛིན་མི་སྣ29འདེམས་བསྐོ་བྱས། གཞན་ཡང་སྤྲུལ་སྐུ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་ཚོགས་གཙོར་བདམས་པ་དང་། སྤྲུལ་སྐུ་འཇིགས་མེད་ཚང་རྒྱུན་ལས་ཚོགས་གཙོ་གཞོན་པར་བདམས་ལ། འཇམ་དབྱངས་དགེ་ལེགས་ཡོན་ཏན་རྒྱ་མཚོ་སོགས་མི་བདུན་ཚོགས་གཙོ་གཞོན་པར་བདམས་ཏེ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོགས་པ་གསར་བ་བཙུགས་པ་རེད།
འཐུས་མི་ཚོགས་ཆེན་སྟེང་། རྔ་བ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཁུལ་ཨུའི་རྒྱུན་ལས་དྲུང་ཡིག་ཆེན་མོ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཅིན་ཅི་ཁྲང་གིས2003ལོར་ཁུལ་ནང་བསྟན་མཐུན་ཚོགས་ཐེངས་བརྒྱད་པ་འཚོགས་པ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་འོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་རྒྱུན་འཁྱོངས་དང་། མཐུན་སྒྲིལ་བརྟན་ལྷིང་སྲུང་སྐྱོབ། མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱས་པ་མ་ཟད། ཆོས་དད་མང་ཚོགས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལ་ཁྲིད་པ་དང་། ནང་བསྟན་གྱི་ཁྲིམས་མཐུན་དབང་ཆ་སྲུང་སྐྱོབ། རང་ཉིད་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བྱ་ལས་མང་པོ་བསྒྲུབས་པས། རྔ་བ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བདེ་འཇགས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པའི་བསམ་ཚུལ་བསྟན་པ་དང་། དུས་མཚུངས་སུ་ཉེ་བའི་ལོ་འགའི་རིང་རྔ་བ་ཁུལ་གྱི་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་དུ། ཆབ་སྲིད་ཀྱི་ལངས་ཕྱོགས་སམ་ཆོས་ལུགས་ལས་དོན་ནང་ཁུལ་གྱི་དོ་དམ་སོགས་ཕྱོགས་གང་ཅིའི་ཐད་ནས་དོ་སྣང་བྱ་དགོས་པའི་གནད་དོན་ཁ་ཤས་ཡོད་པ་དང་། གནད་དོན་འདི་དག་གིས་རྔ་བ་ཁུལ་གྱི་ནང་བསྟན་ཆོས་ལུགས་དེ་ད་དུང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་དང་བསྟུན་དགོས་པའི་ཕྱོགས་ལ་འབད་དགོས་པ་གསལ་བཤད་བྱས་ཡོད། དེའི་ཐད་ལ་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་མཐོང་ཆེན་བྱས་ཏེ། དོན་མཐུན་ནུས་ཡོད་ཀྱི་བྱ་ཐབས་སྤྱད་ནས་ལེགས་སྒྱུར་བྱེད་དགོས་པའི་སྐོར་བརྗོད།
པུའུ་ཀྲང་ཅིན་ཅི་ཁྲང་གིས་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཡོད་ཚད་ཀྱིས་གཅིག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། དགོན་སྡེ་ཞི་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པ་དང་། གཉིས་ནས་ མང་ཚོགས་ལ་ཞབས་ཞུ་བསྒྲུབས་པའི་རྩ་བའི་ལངས་ཕྱོགས་དང་མི་འགལ་བར། ནང་བསྟན་མཐུན་ཚོགས་ཀྱི་འགན་འཁྲིའི་ནུས་པ་འདོན་པ། གསུམ་ནས་རང་ཉིད་འཛུགས་སྐྲུན་བྱས་ཏེ། ནང་བསྟན་མཐུན་ཚོགས་ཀྱི་གཅིག་སྒྲིལ་གྱི་ནུས་ཤུགས་ཇེ་ཆེར་གཏོང་དགོས་པ་བཅས་བཏོན།
སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་ཚང་གིས་གསར་དུ་བདམས་པའི་སྐབས་དགུ་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚབ་མཛད་དེ་གསུང་བཤད་གནང་དོན། ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་བཏོན་ནས། གང་ནུས་ཅི་ལྕོགས་ཀྱིས་ས་ཁུལ་སྲིད་གཞུང་གི་ལས་དོན་དང་མཉམ་འབྲེལ་བྱས་ཏེ། དོན་དངོས་དང་འབྲེལ་ནས། རང་ཉིད་འཛུགས་སྐྲུན་གྱི་ལས་དོན་ཇེ་ལེགས་སུ་གཏོང་བ་དང་། དགོན་པའི་དོ་དམ་ལས་དོན་དམ་འཛིན་བྱེད་པ། བཙུན་པའི་བྱང་ཚད་ཇེ་མཐོར་གཏོང་བ། ཆོས་ལུགས་ལས་དོན་སོ་སོ་ལེགས་པར་གཉེར་ཏེ། ཆོས་དང་རྒྱལ་གཅེས་ཀྱི་བསམ་བློ་མཉམ་དུ་གཙོ་བོར་འཛིན་པ་དང་། ཆོས་སྤེལ་བ་དང་མང་ཚོགས་ཀྱི་ཁེ་ཕན་གཅིག་མཚུངས་སུ་འཛིན་པའི་སྲོལ་རྒྱུན་ལེགས་པོ་སྤེལ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ཁ་མིན་དོན་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྣམ་པ་གསར་བ་ཞིག་སྐྲུན་པར་འབད་དགོས་པའི་བསམ་ཚུལ་བཏོན།