logo

སྣམ་བུའི་ཕ་ཡུལ་དུ་གྲགས་པའི་གྲ་ནང་རྫོང་གི་སྣམ་བུའི་འཐག་རྩལ་མ་ཉམས་གོང་དུ་འཕེལ་བཞིན་པ།

རྩོམ་པ་པོ།:སྒྲོལ་མ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-16 ཀློག་གྲངས།:


སྣམ་བུ་འཐག་བཞིན་པ།

            གྲ་ནང་རྫོང་གི་རྒན་གཞོན་ཆུང་གསུམ་ཚང་མར་སྣམ་བུ་འཐག་པའི་ལག་རྩལ་ལྡན་པ་དང་། ཁྱིམ་ཚང་སོ་སོར་སྣམ་བུ་འཐག་པའི་འཕྲུལ་ཆས་ཡོད་ལ། སྣམ་བུ་འཐག་པ་ནི་ རྫོང་དེའི་མི་ཡོངས་ལ་མཚོན་ན་གོམ་པ་སྤོ་ཤེས་པ་དང་མཚུངས་པའི་རྒྱུན་ལྡན་ཞིག་དུ་གྱུར་ཡོད་པ་རེད། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གྲ་ནང་རྫོང་ནི་མི་རིགས་ཀྱི་ལག་ཤེས་བཟོ་ལས་སྒྱུ་རྩལ་ལ་མཁས་པས་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ཅིང་། དུས་རབས21པར་སླེབས་ན་ཡང་།  གྲ་ནང་རྫོང་གི་མི་རིགས་ཀྱི་ལག་ཤེས་བཟོ་ལས་སྒྱུ་རྩལ་མ་ཉམས་པ་མ་ཟད།  རྒྱུ་ཆ་དང་འཐག་རྩལ་ལེགས་པོར་བརྟེན་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་བཞིན་པ་རེད། ད་ལྟ་གྲ་ནང་རྫོང་གིས་སྣམ་བུའི་ཐོན་རྫས་རྒྱ་གར་དང་། བལ་ཡུལ།  ཨ་རི། ཁ་ན་ཏ་སོགས་ཕྱིའི་རྒྱལ་ཁབ་ཁག་དང་། རྒྱལ་ནང་གི་མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ཞིང་ཆེན་དུ་བཙོང་བཞིན་ཡོད། 


གྲ་སྣང་རྫོང་གི་ཞིང་འབྲོག་པས་འཐག་པའི་སྣམ་བུའི་ཐོན་རྫས།

            དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་བའི་རྗེས་སུ། སྣམ་བུ་ནི་ས་གནས་དེའི་མི་རིགས་ཀྱི་ལག་ཤེས་བཟོ་ལས་གཙོ་བོ་རུ་གྱུར་ནས་མགྱོགས་མྱུར་ངང་གོང་འཕེལ་ཕྱིན་ཞིང་། གྲ་ནང་རྫོང་གི་རིན་ཆེན་གྱིས་ཀྱང་དུས་རབས་དེར་ལྷ་ས་རུ་སྣམ་བུའི་ཚོང་གཉེར་ཏེ། མ་རྩ་བསགས་ནས། ད་ལྟ་ཁོང་ནི་གྲ་ནང་རྫོང་ཉི་འོད་སྣམ་བུ་བཟོ་གྲྭའི་འགན་འཛིན་དུ་གྱུར་བ་མ་ཟད། ཁོང་གིས་སྣམ་བུ་འཐག་པའི་ལག་རྩལ་ལྡན་པའི་ཞིང་འབྲོག་པ5000ཙམ་གསོ་སྐྱོང་བྱས་ཡོད་པ་རེད།


གྲ་ནང་རྫོང་གི་སྣམ་བུའི་རྒྱུད་འཛིན་པ་ནོར་རྒྱལ་ལགས་ཀྱིས་སྣམ་བུ་འཐག་བཞིན་པ།

            ད་ཆ། གྲ་ནང་རྫོང་དུ་སྣམ་བུ་ལས་སྣོན་དང་། ཁ་གདན་བཟོ་བ་སོགས་མི་རིགས་ ལག་ཤེས་བཟོ་ལས་ཀྱི་ཁེ་ལས་ཇེ་མང་དུ་གྱུར་བ་མ་ཟད། ས་གནས་དེའི་ཞིང་འབྲོག་མང་ཚོགས་མང་པོ་ཞིག་ལ་ལས་ཀ་གཉེར་བ་དང་སྣམ་བུ་འཐག་པའི་ལག་རྩལ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་ཞིང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་དེ་གྲ་ནང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་བཙལ་བའི་ལམ་བུ་གཙོ་བོ་རུ་གྱུར་ཡོད་པ་རེད།


གྲ་ནང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་འཐག་པའི་སྣམ་བུའི་ཐོན་རྫས། 


ཉི་འོད་སྣམ་བུ་བཟོ་གྲྭ

            གྲ་ནང་རྫོང་གི་དགུང་ལོ61ལ་སླེབས་པའི་སྣམ་བུའི་རྒྱུད་འཛིན་པ་བགྲེས་སོང་ནོར་རྒྱལ་ལགས་རང་གི་སྣམ་བུ་འཐག་པའི་ལག་རྩལ་ལ་ཧ་ཅང་ཡིད་ཚིམ་པ་དང་།   གྲ་ནང་བའི་གཟི་བརྗིད་དུ་བརྩི་ཆོག་པའི་གྲ་ནང་གི་སྣམ་བུའི་འཐག་རྩལ་མ་ཉམས་གོང་དུ་འཕེལ་བཞིན་པའི་གནས་ཚུལ་མཐོང་སྐབས་ཁོང་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།