བདེ་ཆེན་ཁུལ་གྱིས་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་གྲུབ་འབྲས་འགྲེམ་སྟོན་མཛད་སྒོ་སྤེལ་བ།
འགྲེམ་སྟོན་སྟེང་ཞུགས་པའི་ཡུལ་དེའི་བོད་རིགས་མང་ཚོགས།
རིག་གནས་ཤུལ་བཞག་ཉིན་མོ་ཐེངས་དྲུག་པ་མདུན་བསུ་བྱེད་པ་དང་། བདེ་ཆེན་ཁུལ་གྱི་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་བྱ་བའི་གྲུབ་འབྲས་མི་ཀུན་གྱི་སྤྱན་ལམ་དུ་བསྟར་ཆེད། སྤྱི་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་རང་སྐྱོང་ཁུལ་གྱི་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་། ཁུལ་རིག་གནས་ཅུའུ་ཡིས་བདེ་ཆེན་ཁུལ་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ནས་བདེ་ཆེན་ཁུལ་གྱི་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་གྲུབ་འབྲས་འགྲེམ་སྟོན་མཛད་སྒོ་སྤེལ་ཞིང་། ཐེངས་འདིའི་འགྲེམ་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་རིག་གནས་ཤུལ་བཞག་དང་མཛེས་སྡུག་གི་འཚོ་བ་ཞེས་པའི་བརྗོད་བྱ་དྲིལ་སྒྲོག་བྱེད་པའི་ཞོར་དུ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རང་རྟོགས་སྒོས་རིག་དངོས་སྲུང་སྐྱོང་གི་ལས་དོན་ཁྲོད་ཞུགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གོང་འོག་ཀུན་གྱིས་ཧུར་ཐག་བྱས་པ་བརྒྱུད་དེ་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་གནས་བབ་ལེགས་པོ་ཞིག་ཆགས་སུ་བཅུག་ནས། རིག་དངོས་སྲུང་སྐྱོང་བྱེད་རྒྱུར་མི་བུ་རེ་རེར་འགན་འཁྲི་ཡོད་པའི་འདུ་ཤེས་དེ་མི་ཚང་མའི་སེམས་གཏིང་ལ་འཇགས་སུ་འཇུག་རྒྱུ་དེ་རེད།
ཤེས་གསལ་ལྟར་ན། བདེ་ཆེན་ཁུལ་གྱི་སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཞིབ་བཤེར་བྱ་བ་དེ2007ལོའི་ཟླ8པའི་ནང་དངོས་སུ་འགོ་བརྩམས་ཤིང་། ད་ལྟའི་བར་ཁུལ་ཡོངས་སུ་བསྡོམས་པས་རིག་དངོས་གནས་གཞི304ཐོ་འགོད་བྱས་ཟིན། མིག་སྔར་ཞིབ་བཤེར་བྱ་བ་ཕལ་ཆེར་མཇུག་བསྒྲིལ་ནས་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྡོམས་དང་ལེགས་བསྒྲིགས་བྱེད་པ་དང་། རིག་དངོས་ཡིག་ཚགས་འཛུགས་སྐྲུན་བྱེད་པའི་སྒང་ཡིན།