བོད་ལྗོངས་རིག་གནས་ཁོངས་གཏོགས་ཀྱིས་ལྷ་སར་རིག་གནས་ཤུལ་བཞག་ཉིན་མོའི་བྱེད་སྒོ་སྤེལ་བ།
ད་ལོའི་སྤྱི་ཟླ6པའི་ཚེས11ཉིན་ནི་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་བཞག་ཉིན་མོ་དྲུག་པ་དེ་ཡིན་ཞིང་། སྤྱི་ཚེས11ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་རིག་གནས་ཁོངས་གཏོགས་ཀྱིས་ལྷ་སར་རིག་གནས་ཤུལ་བཞག་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་རང་སྐྱོང་ལྗོངས་སྦྲག་སྲིད་ཅུས་ཀྱི་ཐང་ཆེན་མདུན་དུ་རང་སྐྱོང་ལྗོངས་རིག་གནས་ཐིང་དང་རང་སྐྱོང་ལྗོངས་རིག་དངོས་ཅུས། བོད་ལྗོངས་དཔེ་མཛོད་ཁང༌། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་ལས་ཁུངས་ཀྱིས་ད་ལོའི་རིག་གནས་ཤུལ་བཞག་ཉིན་མོའི་ཁྲིམས་ལྟར་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་རྒྱུ་གཙོ་གནད་དུ་བཟུང་བའི་བརྗོད་དོན་གཙོ་བོ་དང་བསྟུན་ནས། དྲིལ་བསྒྲགས་དཔྱད་གཞི་དང་ཐོན་རྫས་འགྲེམ་སྤེལ་སོགས་ཀྱི་རྣམ་པ་བརྒྱུད་ཁྲོམ་གཞུང་ཡུག་གཅིག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ཉིན་དེའི་སྔ་དྲོར་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ད་དུང་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་བཙུགས་པའི་མཛད་སྒོ་འཚོགས་ནས་སྒོ་བྱང་བཀལ་བ་རེད། གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས11ཉིན་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་བཞག་ཉིན་མོ་དྲུག་པའི་ཉིན་དེར་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་ལྷ་ས་གྲོང་ཁྱེར་རིག་གནས་ཚན་པས་ཀྱང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་ཆ་དེ་གར་རིག་གནས་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།