གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གཟབ་ཚོགས་སྐབས་དང་པོ་མགོ་བརྩམས་པ།
གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གཟབ་ཚོགས་སྐབས་དང་པོ་མགོ་བརྩམས་པ།
སྤྱི་ཟླ4བའི་ཚེས22ཉིན། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གཟབ་ཚོགས་སྐབས་དང་པོ་དེ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་དུ་མགོ་བརྩམས་ཤིང་། ཐེངས་འདིའི་གཟབ་ཚོགས་སུ“ཆ་འཕྲིན་ཅན་གྱིས་དེང་རབས་ཅན་སྐུལ་སྤེལ་དང་། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ”ཞེས་པའི་བརྗོད་གཞིར་གཞིགས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སྡེ་ཁག་གི་འགན་ཁུར་བ་དང་། ལས་རིགས་རྩ་འཛུགས་ཀྱི་འགན་ཁུར་བ། ཐོན་ལས་ཁྱབ་ཁོངས་ཀྱི་འཐུས་ཚབ། ཆེད་མཁས་པ་དང་ཤེས་ཡོན་པ། དེ་མིན་རིག་ནུས་བང་མཛོད་འཐུས་ཚབ་སོགས་མི800ཡས་མས་ཐེངས་འདིའི་གཟབ་ཚོགས་སུ་ཞུགས་ཏེ། དྲ་རྒྱའི་དྲག་ལྡན་རྒྱལ་ཁབ་དང་། གྲངས་འཛིན་ཀྲུང་གོ། རིག་ལྡན་སྤྱི་ཚོགས་འཛུགས་སྐྲུན་སོགས་གཙོ་གནད་གྲོས་གཞི་ཐད་འབྲེལ་འདྲིས་དང་མཉམ་སྤྱོད་གནང་བ་རེད།
ཉིན་དེའི་སྔ་དྲོའི་གཟབ་ཚོགས་ཀྱི་གླེང་སྟེགས་གཙོ་བོའི་སྟེང་། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་གཞུང་སྒྲུབ་ཁང་གིས《གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྙན་ཞུ(2017ལོར)》ཞེས་པ་འགྲེམ་སྤེལ་བྱས། སྙན་ཞུས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་ནས་བཟུང་། རང་རྒྱལ་ཆ་འཕྲིན་ཚན་རྩལ་འཕེལ་རྒྱས་ཀྱིས་ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། ཚད་རྡུལ་འཕྲིན་གཏོང་དང་གཤིས་ནུས་མཐོ་བའི་རྩིས་འཁོར་ནི་འཐུས་ཚབ་ཏུ་གྱུར་བའི་ལག་རྩལ་གཙོ་བོར་གསར་སྐྲུན་གྱི་ཐོད་བརྒལ་གསར་བ་བྱུང་ཞིང་། འཛམ་གླིང་ཧྲིལ་བོའི་ཆེས་ཆེ་བའི་གཏན་འཇགས་འོད་སྐུད་དྲ་རྒྱ་དང་། 4Gདྲ་རྒྱ་སྔ་གཞུག་ཏུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ལ། བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་གི་ལག་རྩལ་གསར་སྤེལ་སོགས་ལས་གཞི་གལ་ཆེན་སྐོར་ཞིག་ནུས་ཤུགས་ཡོད་རྒུས་སྔོན་སྐུལ་བྱེད་ཀྱི་ཡོད་ཅིང་། རྒྱལ་ཡོངས་གྲངས་འཛིན་དཔལ་འབྱོར་གཞི་རྒྱ་དེ་འཛམ་གླིང་གི་ཨང་གཉིས་པར་ཟིན་པ་དང་། "འཕྲིན་སྦྲེལ་དྲ་བ+སྲིད་དོན"གྱིས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རང་བཞིན་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་།
གཟིགས་མོ་བ་རྣམས་ཀྱིས་ཡོངས་འཛིན་འཚོལ་བཤེར་འགྲེམ་སྟོན་དུ་གཟིགས་མོ་བྱེད་པ།
ཨ་ལི་པཱ་པཱ་སྤྱི་ཁྱབ་ཅུའི་ཀྲུའུ་ཞི་མཱ་ཡུན་དང་། ཐེང་ཞུན་ཀུང་ཟི་སྤྱི་ཁྱབ་ཅུའི་ཀྲུའུ་ཞི་མཱ་ཧྭ་ཐེང་། ཧྭ་ཝེ་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལྭིང་ཧྭ་སོགས་མིང་དུ་གྲགས་པའི་ཁེ་ལས་པ་མང་པོས་གླེང་སྟེགས་གཙོ་བོར“གྲངས་འཛིན་ཀྲུང་གོ”ཞེས་པའི་བརྗོད་གཞིར་གཞིགས་ཏེ་གཏམ་བཤད་སྤེལ་ཞིང་། མཱ་ཡུན་གྱིས་བསྟན་དོན། མིག་སྔར་ནི་ལག་རྩལ་གསར་བརྗེའི་གནད་འགག་གི་སྐབས་དང་ཕྱོགས་ཡོངས་ནས་རྒྱལ་ཁ་ལོན་པའི་དུས་ཁྱད་པར་ཅན་ཡིན་ལ། ང་ཚོས་འཕྲིན་སྦྲེལ་དྲ་བ་ཡོངས་ཀྱི་འཕེལ་རྒྱས་ལ་ངེས་ཟིན་གཏིང་ཟབ་ཅིག་བྱེད་དགོས་ལ། དེ་ལས་ཁེ་ལས་ཆེ་བས་འགན་ཆེ་བ་ཁུར་འོས་ཤིང་། སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཞིང་མིའི་རིགས་ཀྱི་འཕེལ་རྒྱས་ལ་ཕན་པའི་ལག་རྩལ་གཙོ་བོའི་ཁྱབ་ཁོངས་སུ་ཐོད་བརྒལ་འབྱུང་བ་མགྱོགས་སུ་གཏོང་དགོས་ལ། མ་འོངས་གནད་དོན་ཐག་གཅོད་དང་། མིའི་རིགས་ཀྱི་འཕེལ་རྒྱས་གནད་དོན་དང་རྒྱལ་སྤྱིའི་ལག་རྩལ་འགྲན་རྩོད་ཁྲོད་འགན་གཙོ་བོ་ཐེག་དགོས།
རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་གཞུང་སྒྲུབ་ཁང་གི་དབྱང་ཞའོ་ཝེས་བསྟན་དོན། འཛམ་གླིང་ཧྲིལ་བོའི་ངོས་ནས་བལྟས་ན། རྒྱལ་ཁབ་ཀྱི་གསར་སྐྲུན་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་དེ་འཛམ་གླིང་རྒྱལ་ཁབ་སོ་སོའི་འགྲན་རྩོད་སྐོར་གསར་བའི་གནད་འགག་ཏུ་འགྱུར་བཞིན་ཡོད་ཅིང་། ཆ་འཕྲིན་ཅན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་གྲངས་འཛིན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་འཛམ་གླིང་ཧྲིལ་བོའི་གཅིག་མཐུན་དུ་གྲུབ་ཡོད། མ་འོངས་པར། རང་རྒྱལ་གྱིས་མུ་མཐུད་དུ་ཆ་འཕྲིན་ཅན་འཕེལ་རྒྱས་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་བཅོས་དང་། ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་ཚོང་ར་ཕྱེ་རྒྱུ་ཇེ་མགྱོགས། གྲངས་འཛིན་དཔལ་འབྱོར་རྒྱལ་སྤྱིའི་འབྲེལ་འདྲིས་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་བ་དང་། ལྷན་དུ་འཛམ་གླིང་ཧྲིལ་བོའི་འཕྲིན་སྦྲེལ་དྲ་བའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་སྐུལ་འདེད་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལྷན་དུ་དྲ་རྒྱའི་བར་སྟོང་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་བྱེད་དགོས།
གྲུབ་འབྲས་འགྲེམ་ཚོགས་ཀྱི་ཡུལ་དངོས་ནི་མི་ཚོགས་ཀྱིས་འཕྱུར་ཞིང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད1:00གི་སྟེང་། འགྲེམ་ཚོགས་ཕྱོགས་ཡོངས་ནས་མང་ཚོགས་ལ་སྒོ་ཕྱེས་པ་དང་། ཉམས་ཚོར་ཁང་སོ་སོར་འདུ་འཛི་ཤིན་ཏུ་དྲག་ཅིང་། གདོང་བཤེར་དང་། མཛེས་རིས། གློག་རྩེད་སོགས་ལ་གཟིགས་མོ་བ་ལྷན་རྒྱས་ཀྱིས་དགའ་བསུ་ཆེན་མོ་བྱེད་ཀྱི་ཡོད་ལ། ཁྱད་ལྡན་སྟེགས་བུ་མང་པོར་མི་ཚོགས་ཀྱི་འཚིང་ཁ་ཤིག་ཤིག་བྱེད།
ཉིན3གྱི་གཟབ་ཚོགས་ལ་མགོ་རྩོམ་མཛད་སྒོ་དང་གླེང་སྟེགས་གཙོ་བོ། ཡན་ལག་གླེང་སྟེགས། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ལོ་འཁོར་གྱི་ཕུལ་བྱུང་ལག་ལེན་ཁྱབ་སྤེལ། སྙན་ཞུ་འགྲེམ་སྤེལ་སོགས་ནང་དོན་འདུས།