logo

སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལས་དོན་ཚོགས་འདུ།

རྩོམ་པ་པོ།: བཀྲ་འདུལ། ཡོང་ཁུངས།: བོད་མིའི་རིག་གནས་དྲ་བ། དུས་ཚོད།:2011-06-08 ཀློག་གྲངས།:

ཚོགས་ར།

        སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལས་དོན་ཚོགས་འདུ་༢༠༡༡ལོའི་ཟླ་༥བའི་ཚེས་༢༨ནས་ཚེས་༣༠བར་རྔ་བ་ཁུལ་ཁྲི་ཚང་རྫོང་(ཝུན་ཁྲོན)ཧྲུའེ་མོ་གྲོང་རྡལ་ནས་འཚོགས་ཤིང་། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་དཔེ་རྙིང་ལས་དོན་གྱི་དབུ་ཁྲིད་དང་ཆེད་མཁས་པ། རིག་གནས་པ་སོགས་མི་༥༠ལྷག་ཚོགས་འདུར་ཞུགས།

        ཚོགས་འདུའི་ཐོག་ཞིང་ཆེན་དང་གྲོང་ཁྱེར་ཁུལ་བཅས་དྲུག་གི་བོད་ཡིག་དཔེ་རྙིང་རོགས་ལས་ཚོགས་པའི་《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་གི་སྤྱིའི་དཀར་ཆག   (བོད་རིགས་ཀྱི་རབ་བྱེད་)》ལས་གྱེར་བཤད་རིགས་ཀྱི་དཀར་ཆགས་དགར་སྟངས་སྐོར་གྱི་བསམ་འཆར་ལ་གྲོས་འཆམ་བྱུང་ཞིང་མཉམ་དུ་བསྒྲགས་སྤེལ་བྱས་པ་མ་ཟད། དཀར་མཛེས་ཁུལ་དང་རྔ་བ་ཁུལ་གཉིས་ལ་ལག་ལེན་དོན་འཁྱོལ་ཡོང་དགོས་པའི་རེ་བ་བཏོན།

         ཚོགས་འདུའི་ཐོག་གྲོང་ཁྱེར་དང་ཁུལ་སོ་སོས་མ་དངུལ་གྱི་འགྲོ་སོང་ཆེ་རུ་བཏང་ནས་དཔེ་རྙིང་ལས་ཀ་སྒྲུབ་མཁན་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་། སྒྲིག་གཞི་ཆ་ཚང་དང་སྲུང་སྐྱོབ་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ་མི་དང་རང་བྱུང་གི་གཏོར་བརླག་མི་ཐེབས་པ་བྱ་དགོས་ལ།   དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་དཔེ་རྙིང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོར་འདེགས་ཡོང་བ་བྱ་དགོས་པའི་རེ་བ་བཏོན།

        ཚོགས་འདུའི་སྟེང་སི་ཁྲོན་ཞིང་ཆེན་གྱི་སྐབས་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལས་དོན་ཚོགས་འདུ་༢༠༡༣ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་སྐབས་བསྟུན་གྱིས་འཚོགས་རྒྱུའི་ཐག་བཅད།

        རྔ་བ་ཁུལ་བོད་ཡིག་ཡིག་སྒྱུར་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གཞོན་པ་བློ་མཐུན་ཁོ་ཧྲུའུ་ཚེ་རྣམ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྔ་བ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆིན་ཏ་ལིན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་དགའ་བསུ་ཞུ་ཡིག་བཏོན་པ་མ་ཟད། ཚོགས་ཞུགས་སྐུ་ཚབ་རྣམས་ལ་རྔ་བ་ཁུལ་གྱི་གནས་ཚུལ་དང་ས་ཡོམ་བྱུང་རྗེས་ཀྱི་བསྐྱར་འཛུགས་ལས་ཀའི་གནས་ཚུལ། མི་རིགས་དཔེ་རྙིང་ལེགས་སྒྲིག་དང་པར་སྐྲུན་བྱས་པའི་གནས་ཚུལ་སོགས་མཚམས་སྦྱོར་བྱས། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་བློ་མཐུན་ཧོ་ཞའོ་ཕིང་གིས་བྱ་བའི་སྙན་ཞུ་ཕུལ་ཞིང་། ཚོགས་འདུ་ཐེངས་དང་པོའི་རྗེས་ནས་བསྒྲུབས་པའི་གནས་ཚུལ་ངོ་སྤྲོད་དང་། གྲོང་ཁྱེར་དང་ཁུལ་སོ་སོས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལ་སྲུང་སྐྱོབ་དང་མྱུར་སྐྱོབ། ལེགས་སྒྲིག   ཡིག་སྒྱུར།   པར་སྐྲུན་དང་ཞིབ་འཇུག་བགྱི་བའི་ལས་ཀའི་ཁྲོད་གྲུབ་འབྲས་དང་ཉམས་མྱོང་བླངས་པར་ཁས་ལེན་གནང་ལ ། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་གི་སྤྱིའི་དཀར་ཆག་གནད་བསྡུས་》ཏེ་སི་ཁྲོན་གྱི་མི་རིགས་སོ་སོའི་དཔེ་རྙིང་གི་དཀར་ཆག་སྒྲིག་པའི་བྱ་བ་འགྲུབ་དགོས་པ་མ་ཟད། དཔེ་རྙིང་ལས་དོན་སྒྲུབ་མཁན་རྣམས་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་ལས་ཀའི་ཁྲོད་ཀྱི་གནད་དོན་དང་དཀའ་ཁག་སེལ་དགོས་ལ། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལས་དོན་སྔར་ལས་འཕེལ་རྒྱས་རྒྱ་ཆེར་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཞུགས་འཐུས་མིའི་མཉམ་པར།

        ཚོགས་འདུ་འཚོགས་སྐབས་སུ་རྔ་བ་ཁུལ་དང་ལིའང་ཧྲན་ཁུལ། དཀར་མཛེས་ཁུལ་དང་ལེ་ཧྲན་གྲོང་ཁྱེར་བཅས་ཀྱིས་བྱ་བའི་ཉམས་མྱོང་བགྲོ་གླེང་བྱས་པ་སྟེ། ཁོ་ཚོ་སོ་སོས་མི་རིགས་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག པར་སྐྲུན་དང་ཞིབ་འཇུག་གི་ལས་དོན་ཁྲོད་ཀྱི་ཐབས་བཀོད་དང་གྲུབ་འབྲས། ཉམས་མྱོང་རྣམས་མཚམས་སྦྱོར་བྱས་པ་དང་མཉམ་དུ། རང་སོ་སོས་ལས་དོན་སྒྲུབ་པའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ཁག་ལ་དབྱེ་ཞིབ་མཛད་དེ་མི་རིགས་དཔེ་རྙིང་ལས་དོན་གྱི་མ་འོངས་པའི་འཕེལ་རྒྱས་སྐོར་ལ་རིན་ཐང་བྲལ་བའི་དགོངས་འཆར་བཏོན་པ་དང་། སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལས་དོན་གོང་ནས་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་བཏིངས།   དེ་དང་དུས་མཚུངས་སུ་ཆེད་མཁས་པ་ཁག་ཅིག་རྩ་འཛུགས་བྱས་ནས་ 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་གི་སྤྱིའི་དཀར་ཆག   (བོད་རིགས་ཀྱི་རབ་བྱེད)》ལས་གྱེར་བཤད་རིགས་ཀྱི་དཀར་ཆགས་དགར་སྟངས་སྐོར་ལ་གྲོས་བསྡུར་བྱས་པ་དང་། སྐུ་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་ཁྲི་ཚང་རྫོང་དུ་ས་ཡོམ་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་འཛུགས་གྲུབ་འབྲས་ལ་གཟིགས་ཞིབ་གནང་དུ་བཅུག  སྐུ་ཚབ་ཚོགས་པས་གནོད་ཐེབས་ས་ཁུལ་གྱི་རྣམ་པ་གསར་བ་མཐོང་རྗེས་སེམས་འགུལ་བླ་ལྷག་ཏུ་ཐེབས་ཤིང་སྔར་བས་ཀྱང་བྱ་བར་ཧུར་བརྩོན་བགྱིས་ནས་མི་རིགས་དཔེ་རྙིང་ལས་དོན་དུས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུའི་རེ་བ་བཏོན།

         ཚོགས་འདུའི་ཐོག་འབྲེལ་འདྲིས་ཇེ་ཟབ་་དང་དྲིལ་བསྒྲགས་རྒྱ་ཆེར་བྱེད་པ་པ་དང་། ལས་ཀ་དང་གནའ་རབས་ཚད་ལྡན་ཡིག་ཆ་བརྗེ་རེས་བྱས་ནས་ཆ་འཕྲིན་ཡོང་ཁུངས་རྒྱ་བསྐྱེད་དེ་དཔེ་མཛོད་ཁང་དུ་ཉར་བའི་ཡིག་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་དྲ་བ་དང་དུས་དེབ། ཚགས་པར། བརྙན་འཕྲིན་སོགས་ཀྱི་ལམ་ནས་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། མི་རིགས་དཔེ་རྙིང་མྱུར་སྐྱོབ་དང་དེ་ལ་སྲུང་སྐྱོབ་བགྱི་བ་དང་གནའ་རབས་ཡིག་ཆ་ལེགས་སྒྲིག་བྱེད་པའི་ཁྲོད་དུ་བླངས་བའི་གྲུབ་འབྲས་གསལ་སྟོན་མཛད་དེ། མི་རྣམས་ལ་མི་རིགས་དཔེ་རྙིང་ལས་དོན་ལ་ངོས་འཛིན་ཡང་དག་ཡོང་བ་བྱེད་པ་དང་མི་རིགས་ཀྱི་དཔེ་རྙིང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གསོ་སྐྱོང་བྱ་དགོས་ཚུལ་བསྟན།


འབྲེལ་ཡོད་འོས་སྦྱོར།