གློག་བརྙན《དབུས་ལམ་གྱི་ཉི་མ》ལ་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་པ།

《དབུས་ལམ་གྱི་ཉི་མ》ཡི་བརྡ་ཁྱབ།
གསར་འགོད་པས་སྐབས14བའི་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྩ་འཛུགས་ཚོགས་པ་ལས་ གནས་ཚུལ་ཤེས་པ་ལྟར་ན། བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན་《དབུས་ལམ་གྱི་ཉི་མ་》ཞེས་པ་དེ་སྐབས14བའི་ཧྲང་ཧེའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཨེ་ཤ་ཡའི་གསར་སྐྱེས་མི་སྣའི་བྱ་དགའི་ཁྲོད་བདམས་ཐོན་བྱུང་བ་དང་། འདི་ནི་གློག་བརྙན་དེར་སྐབས35བའི་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཨེ་ཤ་ཡ་གླིང་གི་བརྙན་འབེབས་འགྲན་སྡུར་ཚན་ཁག་གི་དམིགས་བསལ་གཟེངས་བསྟོད་བྱ་དགའ་ཐོབ་རྗེས་ཡང་བསྐྱར་རྒྱལ་སྤྱིའི་རང་བཞིན་གྱི་དམིགས་བསལ་བྱ་དགའ་ཐོབ་པ་རེད་ལ། མཚོ་སྔོན་བོད་ཁུལ་ནས་བརྙན་ལེན་བྱས་པའི་གློག་བརྙན་འདི་དང་ལྗར་པན་དང་དབྱི་ལང་། ཧྥེ་ལི་ཕིན། རྒྱ་གར་སོགས་རྒྱལ་ཁབ་ཀྱི་གློག་བརྙན8ལ་མཉམ་དུ་ཨེ་ཤ་ཡའི་གསར་སྐྱེས་མི་སྣའི་བྱ་དགའི་གློག་བརྙན་ཡག་ཤོས་དང་འཁྲབ་ཁྲིད་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
《དབུས་ལམ་གྱི་ཉི་མ》རུ་ཉེས་པ་དག་པར་བྱེད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་། གཏམ་རྒྱུད་དེ་དོན་དངོས་སུ་བྱུང་མྱོང་བའི་གཏམ་རྒྱུད་ཅིག་རེད། ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་བསྐོར་བའི་བོད་ཀྱི་ན་གཞོན་ཉི་མས་སེམས་ཆུང་མ་བྱས་པར་རང་གི་ཨ་མ་འདྲུད་འཐེན་འཁོར་ལོས་བརྒྱབ་ནས་བསད་པས། ཁོས་རང་གི་ནང་སེམས་ཀྱི་སྡུག་བསྔལ་དང་ནོངས་འགྱོད་བཟོད་ཐབས་མ་བྱུང་བར། གནས་མཆོག་ལྷ་སར་མཇལ་སྐོར་དུ་འགྲོ་བའི་ལམ་དུ་ཞུགས་ཤིང་། ལྷག་བསམ་རྣམ་དག་གིས་ལྷ་དང་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་འགྱོད་བཤག་བྱས་ཀྱང་ནང་སེམས་ཀྱི་སྡུག་བསྔལ་ལས་གྲོལ་ཐབས་མ་བྱུང་བ་རེད།
གློག་བརྙན་འདིས་མི་སྣ་གཙོ་བོའི་དམིགས་བསལ་གྱི་མྱོང་བ་བརྒྱུད་ནས་འཚོ་བའི་ཁ་ཕྱོགས་བོར་ཞིང་ནང་སེམས་སྟོང་བར་གྱུར་བའི་མིའི་འཚོ་བའི་རིན་ཐང་དང་ཚེ་སྲོག་གི་འདུ་ཤེས་འཚོལ་ཞིབ་བྱས་ཡོད་པ་མ་ཟད། བྱེ་ཐང་གི་རང་བྱུང་ཡུལ་ལྗོངས་ཁྱད་པར་བ་ལ་བརྟེན་ནས་མཐོ་སྒང་གི་གནམ་སའི་བར་གྱི་རྣམ་ཤེས་ཀྱི་གཏིང་རིམ་དུ་ཟུག་པའི་སེམས་ཀྱི་བཞུད་ལམ་དང་། བོད་མིས་དགའ་སྐྱོ་འདུ་བྲལ་དང་འཆི་བའི་ངོ་བོ་ལ་བཟུང་བའི་རྣམ་འགྱུར་མཚོན་ཡོད།

གློག་བརྙན་འདིའི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས།
ཟོན་ཐར་རྒྱལ་ནི་ཨ་མདོའི་བོད་རིགས་ཡིན་ལ་སྔ་ཕྱིར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཛེས་རྩལ་སྡེ་ཁག་དང་པེ་ཅིང་གློག་བརྙན་སློབ་གླིང་གི་བརྙན་ལེན་སྡེ་ཁག་ཏུ་སློབ་གཉེར་བྱས་ཤིང་། ད་ལྟ་གློག་བརྙན་ཆེད་ལས་མི་སྣ་ཡིན། ཁོང་གིས1994ལོ་ནས་བཟུང་རི་མོ་འབྲི་མགོ་བརྩམས་ཤིང་བརྩམས་ཆོས་གཙོ་བོར《ཚེ་སྲོག་གི་མུ་འབྲེལ་ཚན་པ》དང《དམར་པོའི་མུ་འབྲེལ་ཚན་པ》སོགས་ལྔ་བཅུ་ལྷག་ཡོད། ༢༠༠༢ལོ་ནས་བཟུང་གློག་བརྙན་གྱི་ལས་ཀ་སྒྲུབ་མགོ་བརྩམས་ཤིང་རྒྱལ་ནང་གི་གློག་བརྙན་མང་པོའི་བརྙན་ལེན་གྱི་བྱ་བར་ཞུགས་པ་མ་ཟད། གློག་བརྙན《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་མཛེས་རྩལ་བ་དང་། 《འཚོལ》གྱི་བརྙན་ལེན་པའི་འགན་ཁུར། 《དབུས་ལམ་གྱི་ཉི་མ》ནི་ཟོན་ཐར་རྒྱལ་ཁོ་རང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ་དེ་ཡིན།
གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཨེ་ཤ་ཡའི་གསར་སྐྱེས་མི་སྣའི་བྱ་དགའི་ཀྲུའུ་ཞི་ནི《བརྩེ་དུང་གི་འཕྲིན་ཡིག་》དང《ལི་ལི་ཀྲུའུ་དང་འབྲེལ་བའི་ཡོད་ཚད》སོགས་འཁྲབ་ཁྲིད་བྱེད་མཁན་ལྗར་པན་གྱི་འཁྲབ་ཁྲིད་པ་གྲགས་ཅན་ཡན་ཅིང་ཅོན་འར་ཡིན་ཞིང་། ལའོ་ཆི་རེ་དང་ཀེ་ལིན་མེལ། ཞ་ཡོའུ། ཏི་རེ་ཁི་འར་ལི་སོགས་ཨེ་ཤ་ཡ་དང་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་འཁྲབ་སྟོན་པ་དང་ཡོན་ཚད་མཐོ་བའི་གློག་བརྙན་དཔྱད་བརྗོད་པ་ཚོས་ཐེངས་འདིའི་བྱ་དགའི་དཔྱད་འདེམས་པའི་འགན་ཁུར་ཡོད།
