འཛམ་གླིང་ཞི་བདེའི་སྨོན་འདུན་ཞེས་པའི་གླུ་གཞས་དགོང་ཚོགས་འཚོགས་པ།

དབྱངས་ཅན་ལྷ་མོ་དང་པ་ཧྥེ་ཐོའུ།
ཟླ5པའི་ཚེས9ཉིན། པེ་ཅིང་དུ་འཛམ་གླིང་ཞི་བདེའི་སྨོན་འདུན་ཞེས་པའི་གླུ་གཞས་དགོང་ཚོགས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་སྟེང་རོལ་མོ་བ་དབྱངས་ཅན་ལྷ་མོ་དང་པ་ཧྥེ་ཐོའུ། དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཀྲུའུ་ཝུན་ཅུན་བཅས་ཕེབས་ཡོད་པ་རེད། ཚོགས་ཐོག་ནས་ཤེས་གསལ་བྱུང་བ་ལྟར་ན། གླུ་གཞས་དགོང་ཚོགས་དེ་ཟླ5པའི་ཚེས12ཉིན་འཚོགས་རྒྱུ་ཡིན་ཞིང་། དགོང་ཚོགས་དེའི་བརྗོད་བྱ་ནི་ཞི་བདེ་ལ་སྨོན་འདུན་དང་། ཚེ་སྲོག་ལ་གཅེས་སྐྱོང་ཞེས་པ་ཡིན་ཞིང་། དེ་ནི་ཚོང་གཉེར་གྱི་ངོ་བོ་མི་ལྡན་པའི་བྱམས་སྙིང་རྗེའི་གླུ་གཞས་དགོང་ཚོགས་ཤིག་ཡིན་ལ། གཙོ་སྒྲུབ་བྱེད་མཁན་གྱིས་ཐེངས་འདིའི་གླུ་གཞས་དགོང་ཚོགས་དེ5.12སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོ་བྱུང་ནས་ལོ་འཁོར་གསུམ་ལོན་པའི་རྗེས་དྲན་གྱི་ཚུལ་དུ་འགྲོ་བའི་རེ་བ་བྱེད་བཞིན་ཡོད།

པ་ཧྥེ་ཐོའུ་ཡིས་གླུ་གཞས་དགོང་ཚོགས་ཀྱི་རོལ་མོ་བ་ངོ་སྤྲོད་བྱེད་བཞིན་པ།
གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་གཞས་མ་དབྱངས་ཅན་ལྷ་མོ་དང་པ་ཧྥེ་ཐོའུ་གཉིས་དང་། ཐེངས་འདིའི་གླུ་གཞས་དགོང་ཚོགས་ལ་ཞུགས་མཁན་གྱི་གཞས་བ་གཞན་པ་དང་རོལ་དབྱངས་མཁན་བཅས་ཀྱིས་གླུ་གཞས་སྙན་མོ་དབྱངས་སུ་གྱེར་བར་རྒྱ་ཆེའི་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
གཞས་མ་དབྱངས་ཅན་ལྷ་མོས་བཤད་པ་ལྟར་ན། ཐེངས་འདིའི་གླུ་གཞས་དགོང་ཚོགས་ལ་ཞུགས་པའི་རོལ་མོ་བ་རྣམས་ཀྱིས་སྒོར་སྐར་གང་ཡང་ལེན་གྱི་མེད་ལ། གླུ་གཞས་དགོང་ཚོགས་ལ་ཉན་པའི་གཟིགས་མོ་རྣམས་ཀྱིས་ཀྱང་པ་སེ་ཉོ་མི་དགོས་པ་རེད། དེ་ལས་གཞན། གླུ་གཞས་དགོང་ཚོགས་སྟེང་འཛམ་གླིང་ཁྱིམ་རྒྱུད་སྤྱི་ཕན་མཐུན་ཚོགས་ཀྱི་སྲིད་དོན་པ་དང་ཚོང་བ་གྲགས་ཅན20ཙམ་གདན་དྲངས་ཏེ། ཀྲུང་གོའི་སྤྱི་ཕན་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་རེད།
