logo

ཟླ་ལྔ་བའི་ཟླ་དཀྱིལ་དུ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཞིག་གསོ་བྱེད་འགོ་རྩོམ་རྒྱུ་ཡིན་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།   དུས་ཚོད།:2011-05-06 ཀློག་གྲངས།:
            ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་མོ་དུང་ཕྱུར5ལྷག་བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་གཙོ་བོར་སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་། ལས་གཞི་དེའི་ནང་ཁྱོན་སྡོམ་ལས་གཞི་ཆུང་བ22ཡོད་ལ། རིག་དངོས་གཙོ་བོ་སྲུང་སྐྱོབ་བྱེད་ས15དང་གསར་བརྗེའི་རིག་དངོས་དང་ལོ་རྒྱུས་རིག་དངོས་སྲུང་སྐྱོབ་ལས་གཞི7འདུས་ཡོད།
            ཚེས2ཉིན་བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་འབྲེལ་ཡོད་ལག་རྩལ་མི་སྣས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ལས་གཞི188ནང་གི་གཅིག་སྟེ་རིག་དངོས་གཙོ་བོའི་སྲུང་སྐྱོབ་སྒྲིག་ཆས་བཟོ་སྐྲུན་ཐད་ལ་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར5ལྷག་བཏང་བ་དང་། མ་དངུལ་དེ་དག་གིས་ལས་གཞི22ཞིག་གསོ་བྱེད་དགོས་ལ། དེའི་ནང་ལས་གཞི13ལས་ཚར་བ་དང་། ལས་གཞི9ད་ལྟ་ཕྱོགས་ཡོངས་ནས་ལས་འགོ་བརྩམས་ཤིང་། ལས་གཞི་ཚང་མ་ད་ལོར་ལས་ཚར་དུ་འཇུག་རྒྱུ་རེད།
            མཚན་སྙན་འཛམ་གླིང་ལ་གྲགས་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཞིག་གསོ་བྱེད་པའི་ལས་གཞི་དེ་ད་ལོའི་ཟླ3པ་ནས་ལས་འགོ་རྩོམ་པའི་གྲ་སྒྲིག་བྱས་ལ། ཚོད་དཔག་བྱས་ན་ཟླ5བའི་ཟླ་དཀྱིལ་ལ་ཕྱོགས་ཡོངས་ནས་ལས་འགོ་རྩོམ་རྒྱུ་རེད། མཚམས་སྦྱོར་བྱས་པ་ལྟར་ན། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཞིག་གསོ་བྱེད་པའི་ལས་གཞི་དེས་མཁར་གྱང་དང་སྲ་བརྟན་བྱ་བ་གཙོ་བོ་བྱས་ཏེ་ཞིག་གསོ་བྱེད་རྒྱུ་ཡིན་ལ། ལག་རྩལ་མི་སྣ་དང་། བཟོ་པ30ཙམ་གྱིས་ཞིག་གསོ་བྱ་བ་བསྒྲུབ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།