སེ་ར་དགོན་པ་མུ་མཐུད་དུ་སྲུང་སྐྱོབ་དང་ཞིག་གསོ་བྱ་རྒྱུ་ཡིན་པ།

ལས་དོན་པས་སེ་ར་དགོན་པའི་ཞིག་གསོའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ཟླ4བའི་ཚེས13ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། “ལོ་ལྔ་ཚན་བཅུ་གཅིག་པའི”གཙོ་གནད་རིག་དངོས་སྲུང་སྐྱོབ་འགོ་འཛིན་ཚོགས་ཆུང་གི་ཚོགས་གཙོ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་རྒྱ་རི་བློ་བཟང་བསྟན་འཛིན་གྱིས་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ལས་བྱེད་པ་རྣམས་ཀྱི་སྣེ་ཁྲིད་དེ་ལྷ་སའི་བྱང་འདབས་སུ་ཡོད་པའི་སེ་ར་དགོན་པའི་ཞིག་གསོའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

ཨར་ལས་པ་རྣམས་ཀྱིས“སོར་འཇོག་ཞིག་གསོའི”རྩ་དོན་ལྟར་སྤེན་མའི་གྱང་རྩིག་བཞིན་ཡོད།
2010ལོའི་ཟླ10བའི་ནང་ཞིག་གསོའི་ལས་ཀ་དངོས་སུ་འགོ་བརྩམས་པ་ནས་བཟུང་སེ་ར་དགོན་པའི་ཞིག་གསོའི་ལས་ཀ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། ལས་གཞིའི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། སེ་ར་དགོན་པའི་རིག་དངོས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ཐད་ཁྱོན་སྡོམ་མ་དངུལ་སྒོར་ཁྲི4600བཏང་ཡོད་པ་དང་། དུས་སྐབས་དང་པོའི་བཟོ་སྐྲུན་ལ་ཁྱོན་སྡོམ་མ་དངུལ་སྒོར་ཁྲི2523བཏང་། དེའི་ནང་དུ་གྲྭ་ཚང་གསུམ་དང་། ཚོགས་ཆེན་འདུ་ཁང་གཅིག ཁམས་ཚན་གསུམ་ཡོད། ད་ལྟ་ལས་འགོ་ཚུགས་པའི་རྣམ་གྲངས་ནི་སྔགས་པ་གྲྭ་ཚང་དང་སྨད་གྲྭ་ཚང་གཉིས་ཡིན་ལ། རྒྱུད་པ་གྲྭ་ཚང་དང་ཚོགས་ཆེན་འདུ་ཁང་གཉིས་ཀྱང་མི་འགྱང་བར་ཞིག་གསོ་བྱེད་འགོ་རྩོམ་རྒྱུ་རེད།
རྒྱ་རི་བློ་བཟང་བསྟན་འཛིན་གྱིས་ཞིག་གསོའི་གནས་ཚུལ་ལ་དངོས་སུ་བལྟས་རྗེས་འདི་སྐད། སེ་ར་དགོན་པ་ནི་ལོ་དྲུག་བརྒྱའི་ལོ་རྒྱུས་ཡོད་པའི་དགོན་རྙིང་ཞིག་ཡིན་ལ། རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཞིག་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི” ནང་སེ་ར་དགོན་པར་མུ་མཐུད་ནས་རིག་དངོས་སྲུང་སྐྱོབ་དང་ཞིག་གསོའི་ལས་ཀ་གཉེར་རྒྱུ་ཡིན་པས། ཞིག་གསོ་བྱེད་པའི་གོ་རིམ་ཁྲོད་རིག་དངོས་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཁག་ཐེག་བྱེད་དགོས་ཅེས་བསྟན་པ་རེད།
