ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཏེ་སྙེ་མོ་ནས་མཁར་རེག་གི་མཚམས་སུ་མཆོད་རྟེན་གྱི་ཤུལ་ཞིག་རྙེད་པ།
ཉེ་ལམ་བོད་རང་སྐྱོང་ལྗོངས་རིག་གནས་ཞིབ་འཇུག་ཁང་གི་ཆེད་ལས་པ་དང་ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཅུས་ཀྱི་འབྲེལ་ཡོད་ལས་བྱེད་པ་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་སྙེ་མོ་ནས་མཁར་རེག་ཤང་གི་ཕྱོགས་སུ་བགྲོད་པའི་ལམ་དུ་ཕྱིན་པ་དང་། ཁོ་ཚོས་ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱིས་ཤུགས་རྐྱེན་ཐེབས་པའི་མཆོད་རྟེན་གྱི་ཤུལ་དེ་ལ་དངོས་སུ་རྟོག་ཞིབ་མཛད་པ་རེད།
ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད། ས་དེ་ནི་གསང་སྔགས་ཕོ་བྲང་མཆོད་རྟེན་ཞེས་འབོད་པའི་ལོ་རྒྱུས་ཅུང་སྔ་བའི་མཆོད་རྟེན་གྱི་ཤུལ་ཡིན་ལ། འོན་ཀྱང་དུས་སྐབས་ནམ་ཞིག་ཡིན་པ་མི་གསལ། ཤེས་གསལ་ལྟར་ན། དེའི་ཤར་ངོས་ཀྱི་སྨི༣༠༠ཙམ་དུ་ཡོད་པའི་ས་སྒང་ཆུང་ཆུང་ཞིག་ཡོད་པ་དེ་ནི་གསང་སྔགས་ཕོ་བྲང་གི་ཤུལ་ཐོག་མ་ཡིན། ཕལ་ཆེར་ཇུན་གར་རྒྱལ་པོས་བོད་ལ་བཙན་འཛུལ་བྱས་པའི་སྐབས་སུ་བརླག་པ་རེད། ཕྱིས་སུ་ད་ལྟ་རྙེད་པའི་ཤུལ་དེར་མཆོད་རྟེན་དེ་ཡང་བསྐྱར་བཞེངས་པ་མ་ཟད། ད་དུང་རྡོ་རྩིག་གི་ཁང་པ་བསྐྲུན་ནས་སྔོན་གྱི་གསང་སྔགས་ཕོ་བྲང་ནང་གི་རྡོ་བརྐོས་ལྷ་སྐུ་ཁག་ཅིག་ཁང་པ་འདིའི་ནང་སྤར་ནས་ཉར་ཚགས་བྱས། རིག་གནས་གསར་བརྗེའི་སྐབས་སུ་མཆོད་རྟེན་གྱི་སྟེང་ཕྱོགས་སུ་གཏོར་བརླགས་ཐེབས་ནས་མཆོད་རྟེན་གྱི་རྨང་དགེ་དང་བང་རིམ་ཁག་ཅིག་མ་གཏོགས་ལུས་མེད་པ་དང་། རྡོ་བརྐོས་ལྷ་སྐུ་ཉར་ཡོད་པའི་ཁང་པའང་བརླགས་ཚར་བ་རེད།
བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ལས་བྱེད་པས་གསར་འགོད་པར་འདི་སྐད། གསང་སྔགས་ཕོ་བྲང་མཆོད་རྟེན་གྱི་ཤུལ་ཡོད་ས་དེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་གྱི་ཕུག་ལམ་གྱི་ཁར་ཡོད་པ་དང་། ལས་གཞི་འཛུགས་སྐྲུན་བྱས་པས་མཆོད་རྟེན་གྱི་ཤུལ་དེ་ཡང་མེད་པར་བཟོས་སོང་། ལོ་རྒྱུས་ཤུལ་རྫས་འདི་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བདེ་བླག་ཏུ་བསྒྲུབ་པར་འགན་སྲུང་བྱ་ཆེད། ང་ཚོས་འཕྲལ་དུ་གནས་ཚུལ་འདི་འབྲེལ་ཡོད་སྡེ་ཚན་དང་འགོ་ཁྲིད་ལ་ཡར་ཞུ་ཞུས་ཏེ། སྔ་མོ་ནས་སྲུང་སྐྱོབ་བྱ་བ་ལག་བསྟར་དང་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་སྒྲུབ་ཁང་ལ་གྲོས་བྱས་ནས་ལྷ་ས་ནས་གཞིས་ཀ་རྩེའི་བར་གྱི་ལམ་རྒྱུད་ཀྱི་རིག་དངོས་རྟོག་ཞིབ་ལས་དོན་ཐག་གཅོད་བྱ་རྒྱུ་ཡིན་ཟེར།