logo

ཀན་ལྷོའི་རྡུང་ལེན་འགྲན་བསྡུར་ཆེན་མོ་སྐབས་དང་བོ་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2018-04-04 ཀློག་གྲངས།:
     དུས་རབས་གསར་བའི་འགྲོས་དང་བསྡོངས་ཏེ་བོད་ཀྱི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་དར་སྤེལ་དང་བརྒྱུད་སྒྲོག་བྱེད་པ་དང་། དེའི་ཕྱོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བསྐྱེད་སྲིང་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་ཕུན་སུམ་ཚོགས་པར་སྐོང་བ། ཀན་ལྷོ་ཁུལ་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་སྔར་ལས་ལྷག་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དྲིལ་སྒྲོག་པུའུ་དང་ཀན་ལྷོ་ཁུལ་རིག་གནས་རྒྱང་སྒྲོག་གློག་བརྙན་གསར་འགྱུར་དཔེ་སྐྲུན་ཅུས་གཙོ་སྒྲུབ་དང་། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲུབ་འགན་འཁུར་ཏེ་ཀན་ལྷོ་གཡང་ལྡན་ཕྱུག་མོ་ཞེས་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྒྲ་སྙན་རྡུང་ལེན་འགྲན་བསྡུར་ཆེན་མོ་སྐབས་དང་བོ་བསྡུ་རྒྱུ་ཡིན་པས། དེའི་སྐོར་གྱི་བརྡ་སྦྱོར་གྱི་ནང་དོན་གཤམ་ལྟར།
དང་བོ། མིང་ཐོ་འགོད་པའི་ཆ་རྐྱེན་དང་བླང་བྱ།
     (གཅིག) ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་མེས་རྒྱལ་ལ་དགའ་ཞེན་ཡོད་ཅིང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་བཟང་པོ་ལྡན་པའི་ཡུལ་ཕྱོགས་སོ་སོའི་བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་སྤྲོ་བ་ཡོད་མཁན་ཚང་མས་མིང་ཐོ་དགོད་ཆོག
     (གཉིས) འགྲན་ཞུགས་རྡུང་ལེན་གྱི་བརྗོད་བྱ་ཡ་རབས་ཚུལ་མཐུན་དང་། འགྱུར་ཁུགས་སྙན་ཞིང་འཇེབས་པ། དུས་རབས་ཀྱི་ཉམས་འགྱུར་དང་སྤྱི་ཚོགས་ཀྱི་མཛེས་པ་འབུར་དུ་ཐོན་པ་མ་ཟད། སྒྱུ་རྩལ་དང་རོལ་མྱོང་གི་རང་བཞིན་མི་དམན་པ་ལྡན་དགོས།
     (གསུམ) འགྲན་ཞུགས་རྡུང་ལེན་གྱི་བདག་དབང་ལ་རྩོད་གླེང་མེད་པར་གླུ་བ་རང་ཉིད་ཀྱིས་འགན་འཁུར་དགོས་ལ། དེ་བཀོལ་སྤྱོད་བྱེད་པའི་དབང་ཆ་གཙོ་སྒྲུབ་ལས་ཁུངས་ལ་ཡོད་པ་ཡིན།
     (བཞི) ཐེངས་འདིའི་འགྲན་བསྡུར་ལ་ལས་རིགས་ཀྱི་དབྱེ་བ་དང་། ས་ཕྱོགས་དང་ལོ་ཚོད་ཀྱི་ཚད་བཀག་མེད། འགྲན་ཞུགས་ཀྱི་རྣམ་པར་ཁེར་དཀྲོལ་ཁེར་ལེན་དང་རོལ་ཚོགས་ཀྱི་མཉམ་ལེན་སོགས་ཅི་རིགས་ཞུགས་པས་ཆོག རོལ་ཆས་གཙོ་བོ་ལ་ངེས་པར་དུ་མངའ་རིས་སྒྲ་སྙན་ཡིན་དགོས།
     (ལྔ) འགྲན་ཞུགས་པ་ཡོངས་ཀྱིས་སྔ་མོ་ནས་རང་ཉིད་ཀྱི་གླུ་ཚིག་དང་གླུ་བའི་ངོ་སྤྲོད་མདོར་བསྡུས། གླུ་གཞས་ཀྱི་མ་དཔེ་བཅས་རྩ་འཛུགས་ལྷན་ཁང་ལ་བསྐུར་ཏེ་ཞིབ་བཤེར་གཏན་འབེབས་བྱ་དགོས།
     (དྲུག) འགྲན་ཞུགས་པ་ཚང་མས་བོད་ལྭ་གཙང་མ་གྱོན་དགོས།
གཉིས་པ། མིང་ཐོ་དགོད་པའི་དུས་ཚོད་དང་ས་གནས།
     གཅིག མིང་ཐོ་འགོད་པའི་དུས་ཚོད། སྤྱི་ལོ2018ལོའི་ལུགས་གསར་གྱི་ཟླ4པའི་ཚེས་1ཉིན་ནས་ཟླ5པའི་ཚེས10ཉིན་བར་ཡིན། མིང་ཐོ་འགོད་གནས། གཙོས་གྲོང་ཁྱེར་ནུབ་ལམ་གཉིས་པའི་ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བརྡ་ཁྱབ་པུའུ་ཡིན།
     གཉིས། མིང་ཐོ་འགོད་པའི་དུས་སུ་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་། ཞྭ་མོ་གོན་མེད་པའི་ཚུན་གཉིས་ཅན་གྱི་འདྲ་པར་གཅིག་མཁོ་འདོན་བྱ་དགོས། མིང་ཐོ་འགོད་གླ་སྒོར200ཡིན།
གསུམ་པ། འགྲན་བསྡུར་གྱི་སྒྲིག་སྲོལ།
     ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར་དུས་གཅིག་ཏུ་བྱ་རྒྱུ་དང་། རྟིང་རྩོད་འགྲན་བསྡུར་དང་བྱ་དགའི་དགོང་ཚོགས་དུས་མཚུངས་སུ་ཚོགས་རྒྱུ་ཡིན།
བཞི་བ། འགྲན་བསྡུར་གྱི་དུས་ཚོད་དང་ས་གནས།
     ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར། རྟིང་རྩོད་འགྲན་བསྡུར་སོ་སོ་ལུགས་གསར་གྱི་ཟླ5པའི་ཟླ་དཀྱིལ་ནས་ཟླ6པའི་ཟླ་སྟོད་དུ་སྤེལ་རྒྱུ་ཡིན། ས་གནས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནང་ཡིན།
ལྔ་བ། བྱ་དགའི་རྣམ་གྲངས།
     ཨང་དང་བོ་གཅིག བྱ་དགའ་སྒོར་20000ཡིན།
     ཨང་གཉིས་པ་གཉིས། བྱ་དགའ་སྒོར་10000ཡིན།
     ཨང་གསུམ་པ་གསུམ། བྱ་དགའ་སྒོར་5000ཡིན།
     ཕུལ་བྱུང་བྱ་དགའ་བཅུ་ཐམ་པ། བྱ་དགའ་སྒོར་1000ཡིན།
དྲུག་པ། སྐར་མ་རྒྱག་ཐབས།
     གཅིག འགྲན་བསྡུར་གྱི་དཔྱད་འདེམ་པ་ཚང་མ་ལས་རིགས་ནང་ཁུལ་གྱི་ཆེད་ལས་མཁས་པ་གདན་འདྲེན་ཞུ་རྒྱུ།
     གཉིས། འགྲན་བསྡུར་གྱི་ཐོབ་སྐར་དེ་མངོན་གསལ་དང་དྲང་བདེན། འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ཞིང་། ཚིག་དང་དབྱངས། ཉམས་སོགས་ཀྱི་མཛེས་པ་སྤྱི་ལ་གཞིགས་ཏེ་སྐར་མ་རྒྱག་རྒྱུ།
བདུན་པ། དོན་ཚན་གཞན།
     གཅིག ཀན་ལྷོ་ཁུལ་གཞུང་དཔང་ཁང་གིས་ཐེངས་འདིའི་འགྲན་བསྡུར་གྱི་ཐོག་མཐའ་བར་གསུམ་དུ་དྲང་བདེན་ལ་ལྟ་རྟོག་བྱ་རྒྱུ།
     གཉིས། འགྲན་བསྡུར་གྱི་བརྒྱུད་རིམ་ཡོངས་རྫོགས་དང་བྱ་དགའི་དགོང་ཚོགས་དེ་ཡུལ་དངོས་ནས་སྒྲ་དང་བརྙན་བླངས་ཏེ་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རྒྱང་སྒྲོག་དང་བརྙན་འཕྲིན། དྲྭ་ལམ་བཅས་ནས་གཏང་རྒྱུ་ཡིན།
སྤྱི་བསྒྲགས་འདིའི་གསལ་བཤད་དབང་ཆ་འགྲན་བསྡུར་གྱི་རྩ་འཛུགས་ལྷན་ཁང་ལ་གཏོགས་པ་ཡིན།
     འབྲེལ་གཏུག་བྱ་ཡུལ། ཁྱུང་བོ་ཚེ་རིང་།  ཁ་པར་ཨང་གྲངས། 18093943886
                                      གཅོད་པ་འཚོ། ཁ་པར་ཨང་གྲངས། 15293668861

ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས།
སྤྱི་ལོ2018ལོའི་ཟླ་4པའི་ཚེས1ཉིན།


འབྲེལ་ཡོད་འོས་སྦྱོར།