བདེ་ཆེན་ཁུལ་གྱིས་ཁམས་པའི་བརྙན་འཕྲིན་དང་རིག་གནས་མཛའ་འབྲེལ་སྒོས་ལོ་སར་དགོང་ཚོགས་སྤེལ་པ།

དགོང་ཚོགས་ཀྱི་མདོ་འཛིན་པ།
2011ལོའི་བོད་ལུགས་ལོ་སར་སྐབས་སུ་ཡུན་ནན་བདེ་ཆེན་གྱི་རིག་གནས་འཚོ་བ་སོགས་རྒྱལ་ཡོངས་གཟིགས་མོ་བ་ལྷན་རྒྱས་ཀྱི་མིག་གི་དགའ་སྟོན་དུ་སྣང་ལ། ཟླ3པའི་ཚེས4ཉིན་ལོ་སར་འགོ་བརྩམས་ཤིང་། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁམས་པའི་བརྙན་འཕྲིན་ལེ་ཚན་དང་མཉམ་འབྲེལ་སྒོས་གཙོ་སྒྲུབ་མཛད་པའི་བོད་ལུགས་ལོ་སར་གྱི་གླུ་གར་སྤྲོ་ཚོགས《བདེ་ལེགས་ཤམ་བྷ་ལ》ཞེས་པ་ཁམས་པའི་བརྙན་འཕྲིན་ལེ་ཚན་དུ་བཏང་བ་དང་། ཟླ2པའི་ཚེས28ཉིན། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏིན་ལིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་གཙོ་ཧྭང་ཏྲིན་ཧྭོན་སོགས་སི་ཁྲོན་ཁྲིན་ཏུའུ་རུ་བསྡུས་པའི་དགོང་ཚོགས་ཕབ་སྐྲུན་ལ་ཞུགས་པ་རེད།

དགོང་ཚོགས་ཀྱི་ཟུར་ཞིག
ཕབ་སྐྲུན་བྱེད་པའི་རིག་རྩལ30ལྷག་ལས་བདེ་ཆེན་ཁུལ་གྱིས་རིག་རྩལ་ཕྱེད་ཀ་ཟིན་ཡོད་པ་དང་། དུས་ཚོད4ལྷག་གི་འཁྲབ་སྟོན་དུས་ཡུན་ནང་། བདེ་ཆེན་ཁུལ་གྱི་གླུ་གར་ཚོགས་པས་བྲོ་གར་སྣ་ཚོགས་དང་སྐོར་བྲོ་སོགས་སྲོལ་རྒྱུན་རིག་རྩལ་འཁྲབ་ཅིང་། བཅིང་གྲོལ་སྒྲོལ་མ་སོགས་གླུ་མ་ཁག་གིས་བདེ་ཆེན་གྱི་དམངས་ཁྲོད་གླུ་གཞས་དང ཤང་རི་ལ་ཚན་སྡེབ་ཀྱིས《ཟླ་བའི་མཚན་མོ》སོགས་བླངས་ལ། ད་དུང་དགོང་ཚོགས་སུ་གླུ་མ་ཚེ་བརྟན་སྒྲོལ་མ་དང་ཧན་ཧོང་། གཡང་དྲུང་རྒྱལ། བསོད་ནམས་དབང་མོ་སོགས་ཀྱིས་གར་སྟེགས་སུ་རིག་རྩལ་སྣ་ཚོགས་འཁྲབ་ཏེ་དགོང་ཚོགས་ཡོངས་སུ“བདེ་ལེགས་ཤམ་བྷ་ལས་ལོ་སར་བསུ་བ”ཞེས་པ་བརྗོད་བྱ་བྱས་ཤིང་ཁམས་ཕྱོགས་ས་ཁུལ་གྱི་ཁྱད་འཕགས་རང་བཞིན་འབུར་དུ་བཏོད་པ་དམིགས་སུ་བཟུང་བར་བརྟེན། དགོང་ཚོགས་ལ་མང་ཚོགས་ཀྱིས་དགའ་བསུ་དཔག་མེད་ཐོབ་ཡོད་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་ལེ་ཚན་གསར་དུ་བཙུགས་པ་ནས་བཟུང་འདིས་ཁམས་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་ལ་ལྟ་རྟོགས་དང་བོད་ཁུལ་མང་ཚོགས་ལ་ཞབས་འདེགས་སྒྲུབ་པ་དམིགས་སུ་བཟུང་རྐྱེན། ཁམས་པའི་བོད་སྐད་བརྙན་འཕྲིན་ལེ་ཚན་ལ་མང་ཚོགས་ཀྱིས་དགའ་འགུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ད་ལོའི་ལོ་སར་སྐབས་སུ་མང་ཚོགས་རྣམས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་དུ་འཇུག་པར། 2010ལོའི་ཟླ11ནས་བཟུང་ཁམས་པའི་བརྙན་འཕྲིན་གྱིས་གླུ་གར་དགོང་ཚོགས་ཀྱི་འཆར་འགོད་གནང་སྟེ་ཆེད་དུ་ཐེངས་འདིའི་དགོང་ཚོགས་ལ་བརྗོད་བྱའི་གླུ་དབྱངས《རྩྭ་ཐང་སྟེང་གི་ཁྱེད་དང་ང》སོགས་རིག་རྩལ་རབ་དང་རིམ་པ་སྤེལ་པ་རེད།
