logo

《མཚོ་ལྷོ་ས་མིང་རིག་གནས་བརྡ་འགྲེལ》དངོས་སུ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-25 ཀློག་གྲངས།:


《མཚོ་ལྷོ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་ཆའི་མདུན་ངོས།

           ཉེ་ལམ།  མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་དང༌།  འབྲེལ་ཡོད་ཆེད་ལས་མཁས་པ།  རྫོང་ཁག་ལྔའི་བོད་ཀྱི་སྐད་ཡིག་ལས་སྒྲུབ་སྡེ་ཁག  དེ་མིན་ད་དུང་ལས་བྲལ་དང་ལས་འཁྱུར་ལས་བྱེད་རྒན་པ་དང་དགེ་རྒན་རྒན་པ་སོགས་ཀྱིས་ཤུགས་ཆེན་པོས་ཐུགས་ཁུར་དང་རྒྱབ་སྐྱོར་འོག    མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་མཛད་ཅིང་།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་པའི《མཚོ་ལྷོ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་རེད། 


དཔེ་ཆའི་ནང་ངོས།

            《མཚོ་ལྷོ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་ཆ་འདི་ནི2007ལོར་ནས་སྔ་ཕྱིར་ལོ་ངོ་བཞི་ལྷག་ལ་རྩོམ་སྒྲིག་བྱས་ཤིང་།  ལོ་འདི་འགའི་རིང་ལ།  ཟུར་ལྟའི་དཔྱད་ཡིག་ཉུང་ཞིང་ས་མིང་ལ་ཆ་རྒྱུས་ཆེ་བའི་མི་སྣ་དཀོན་པ་ལ་སོགས་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས།  སྔ་ཕྱིར་ཁུལ་ཡོངས་ཀྱི་ས་མིང་གི་ཐོག་མའི་ཐོ་འགོད་དཔྱད་ཡིག་ཁྲོད་དོགས་གཞི་ཅན་གྱི་ས་མིང་ལ་གང་ནུས་ཅི་ལྕོགས་ཀྱིས་བསྐྱར་ཞིབ་དང་ཁུངས་སྐྱེལ་ར་སྤྲོད་བྱས་ཤིང༌།  གཟབ་ནན་སྒོས་ས་མིང་བདག་པོ་ལ་བསྟུན་པའི་རྩ་དོན་གཞིར་བཟུང་སྟེ།  ལོ་རྒྱུས་དང་དམངས་ཀྱི་འདོད་བློ་ལ་བརྩི་འཇོག་དང༌།  ས་མིང་གི་གཏན་ཆགས་རང་བཞིན་སྲུང་འཛིན་བྱེད་པ་བཅས་ཀྱི་ཚན་རིག་གི་རྣམ་འགྱུར་བཟུང་སྟེ།    མཚོ་ལྷོའི་སྲིད་འཛིན་ཡུལ་ཁོངས་ཁྲོད་ནུབ་ཉེན་ཆེ་བ་དང༌།  སྐད་རིགས་གཞན་དུ་འགྱུར་བཞིན་པ།  མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པ་བཅས་ཀྱི་ས་མིང་དག་ལ་བསྟུད་མར་ཁུངས་སྐྱེལ་ར་སྤྲོད་དང༌།  སྔོག་འདོན་མྱུར་སྐྱོབ།  དག་སྒྲིག་ཡིག་བསྒྱུར་བཅས་བྱས་པ་རེད།


རྩོམ་སྒྲིག་མི་སྣ་འགའ།

            མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་གང་མང་ལ་གཞིགས་ཏེ། ལོ་རྒྱུས་ཀྱི་བྱུང་རིམ་ཁྲོད་མངའ་ཁོངས་ཀྱི་འགྱུར་ལྡོག་དང༌།  སྲིད་དབང་གི་འཕོ་འགྱུར།  མི་འབོར་འགྲུལ་བཞུད།  མི་རིགས་སྤོ་སྐྱོད།  རིག་གནས་ཁྱབ་སྤེལ་ལ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་ལས་ནུབ་ཉེན་ཆེ་བའི་ས་མིང་མྱུར་སྐྱོབ་བྱེད་ཅིང་།   མངོན་གྱུར་མ་ཡིན་པའི་རིག་གནས་ཤུལ་བཞག་རྩ་ཆེན་འདི་འཛིན་སྐྱོང་སྤེལ་གསུམ་དང༌།   བོད་ཁམས་ཧྲིལ་བོའི་འགྲིམ་འགྲུལ་སྐྱེལ་འདྲེན།  ཡུལ་སྐོར་ལྗོངས་རྒྱུ།  གསར་འགྱུར་འགོད་གཏོང༌།  ས་རིས་ཐིག་འགོད་ལ་སོགས་པའི་ལས་རིགས་ཀྱི་བྱ་བ་དངོས་དང་འབྲེལ་བའི་དགོས་མཁོ་སྐོང་བ་དང༌།  དེ་མིན་ལོ་རྒྱུས་རིག་པ་དང༌།  ས་རྒྱུས་རིག་པ།  བོད་རིག་པ།  རིག་གནས་མིའི་རིགས་རིག་པ།  ས་མིང་རིག་པ་ལ་སོགས་པར་ཞིབ་འཇུག་གི་ཐུགས་འདུན་མངའ་བའི་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་ཚོར།  ཆ་ཚང་ཞིང་ཚད་གཞི་དང་མཐུན་པ།  ཞིབ་ཅིང་ཁུངས་འཕེར་བ་བཅས་ཀྱི་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་ས་མིང་བརྡ་འཕྲིན་གྱི་ཉེར་སྤྱོད་དཔེ་དེབ་ཅིག་མཁོ་སྤྲོད་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།