logo

སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན། དུས་ཚོད།:2011-02-17 ཀློག་གྲངས།:
            སྤྱི་ཚེས 15 ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་ཀྱི་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང༌། ཚོགས་འདུའི་ཐོག2010ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་ལས་དོན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང༌། 2011ལོའི་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལས་དོན་བཀོད་སྒྲིག་གནང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལི་ཁེ་ཆང་གིས་གལ་ཆེའི་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་ཡིང་ཅེ། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི། ལྗོངས་སྲིད་གཞུང་གཞུང་ལས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ཀའོ་ཡང་བཅས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།
            པད་མ་འཕྲིན་ལས་ཀྱིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་ཀའི་ཚོགས་འདུའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དེ་སླད་ཕྱིན་ལྗོངས་ཡོངས་ཀྱི་སྨན་རྫས་འཕྲོད་བསྟེན་ལས་ཀའི་གལ་ཆེའི་ལས་འགན་ལ་བརྩིས་ནས། གཞི་རྩ་འགན་སྲུང་དང་གཞི་རིམ་སྟོབས་ཆེར་བཏང་སྟེ། ཆོད་སེམས་བརྟན་པོ་དང་བབ་བསྟུན་ཡར་བརྩོན་གྱི་སྒོ་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས། ལྗོངས་ཡོངས་ཀྱི་མི་ཚང་མས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་སྲ་བརྟན་དུ་གཏོང་རྒྱུ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་སྲུང་ཐུབ་པ་བྱས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་དང༌མཆོངས་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་བཅས་ཡོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།