མཚོ་སྔོན་ཞིང་ཆེན་གྱིས་འབྲི་ཆུ་འབྱུང་ཡུལ་དུ་ཉེན་ཞིབ་ལུས་རྩལ་བྱ་འགུལ་སྤེལ་རྒྱུ་ཡིན་པ།
མཚོ་སྔོན་པོའི་ལྕགས་རྟ་འགྲན་བསྡུར་ལོ་འཁོར་བཅུ་ལོན་པར་སྔོན་བསུ་དང་། མཚོ་སྔོན་དགུན་གཞུང་ལུས་རྩལ་ཡུལ་སྐོར་གྱི་འཕེལ་རྒྱས་ཐབས་ལམ་འཚོལ་བ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱིས་ཟླ2བའི་ཚེས22ཉིན་ནས་ཚེས26བར་འབྲི་ཆུའི་འབྱུང་ཡུལ་དུ“མཛེས་སྡུག་ཡིད་འོང་གི་མཚོ་སྔོན2011ལོའི་སྐབས་བཅུ་བའི་མཚོ་སྔོན་པོ་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་གྱི་བྱ་འགུལ་གྲས་ཤིག་སྟེ་འབྲི་ཆུ་འབྱུང་ཡུལ་ཉེན་ཞིབ་ལུས་རྩལ་བྱ་འགུལ”སྤེལ་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཉེན་ཞིབ་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། འབྲི་ཆུའི་འབྱུང་ཁུངས་སྐུ་ལྷ་མདའ་མདུང་གངས་རིའི་ཉེ་འགྲམ་དུ་མི20ཡིས་ལྕགས་རྟ་འགྲན་པ་དང་། མི20རྐང་ཐང་དུ་འགྲོ་བ། ད་དུང་འབྲི་ཆུའི་འབྱུང་ཡུལ་དུ་ཆུ་ལེན་པའི་མཛད་སྒོ་སོགས་སྤེལ་རྒྱུ་ཡིན་པ་རེད།
མིག་སྔར། བྱ་འགུལ་གྱི་མིང་ཐོ་འགོད་པའི་འགོ་བརྩམས་ཤིང་། ལོ་ཚོད20ནས45བར་དང་། ལུས་པོ་བདེ་ཐང་ཡིན་ཞིང་རི་མཐོ་སོགས་ལ་འཛེགས་མྱོང་བའི་སྐྱེས་པ་རྣམས་བྱ་འགུལ་ཁྲོད་ཞུགས་ཆོག་པ་ཡིན། ལོ་མང་པོར་འདི་དང་འབྲེལ་བའི་བྱ་འགུལ་གང་མང་ལ་ཞུགས་མྱོང་བ་དང་དེར་སྤྲོ་བ་ཟབ་མོ་ཡོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མོས་པའི་མི་རྣམས་དམིགས་བསལ་གྱིས་མིང་ཐོ་འགོད་པར་བྱ་རྒྱུ་ཡིན་པ་རེད།
གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་སྤྱིའི་མཚན་སྙན་རྒྱས་པའི་དབང་གིས། སྔོན་དཔག་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལ་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་བཟོ་ངེས་ཤིང་། མཛེས་སྡུག་ཡིད་འོང་གི་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་པོ་ལྕགས་རྟ་འགྲན་བསྡུར་གྱི་སྙན་གྲགས་རྒྱས་པར་ནུས་པ་ཆེན་པོ་ཐོན་ངེས་རེད།