མཚོ་སྔོན་པོ་དྲ་བས་བོད་རིགས་སྤུན་ཟླ་རྣམས་ལ་སྤྲིངས་པའི་ལོ་སར་བཀྲ་ཤིས་སྨོན་འདུན།
ལྕགས་མོ་ཡོས་ལོའི་ལོ་སར་བཀྲ་ཤིས་སྨོན་འདུན།
མཚོ་རྒན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཕང་བ་རུ། །
ཟབ་གསལ་མྱུར་བའི་གློག་དྲྭའི་སྡིངས་ཁང་ནས། །
ཉེ་རིང་ཕྱོགས་བཅུའི་རིགས་མཐུན་སྤུན་ཟླ་ཚོར། །
ཡོས་ཀྱིས་ཚེས་པའི་གནམ་ལོར་ཤིས་འཕྲིན་སྤྲིངས། །
ཡོས་བུ་དཀར་པོ་ངང་རྒྱུད་གཤིས་ཀ་འཇམ། །
ཡོས་བུ་བློ་ལྡན་རིག་པའི་དཔལ་རབ་རྫོགས། །
ཡོས་བུ་འགྲོས་བཟང་བང་རྩལ་མཐར་ཕྱིན་པ། །
བཀྲ་ཤིས་དང་པོ་དྲ་གྲོགས་སྡེ་ལ་འབུལ། །
ཡོས་བུ་ལོ་ལ་ལོ་ཡག་མགོ་འཕངས་མཐོ། །
ཡོས་བུ་ལོ་ལ་ནོར་ལུག་འཕེལ་ཁ་དར། །
ཡོས་བུ་ལོ་ལ་ནད་མེད་ཚེ་གཡང་གསོལ། །
བཀྲ་ཤིས་གཉིས་པ་སྒང་པ་བོད་ལ་སྩོལད། །
ཡོས་བུ་ལོ་ནས་ས་ཆུའི་འཇིགས་པ་བྲལ། །
ཡོས་བུ་ལོ་ནས་འཁྲུག་རྩོད་རྒྱལ་ཕམ་དབེན། །
ཡོས་བུ་ལོ་ནས་འཚེ་བ་མ་ལུས་འཇགས། །
བཀྲ་ཤིས་གསུམ་པ་འཛམ་གླིང་ཞི་བདེར་སྨོན། །ཞེས་ཚིགས་སུ་བཅད་པའི་བཀྲ་ཤིས་སུམ་པ་འདིས་མདུན་བསུས་ཏེ་མཚོ་སྔོན་པོ་དྲ་བའི་ལས་བྱེད་ལྷན་རྒྱས་ནས་གནམ་ལོ་གསར་ཚེས་ཀྱི་སྐྱ་རེངས་དང་པོ་འདིར། ནམ་ནམ་ཞར་ཞར་དུ་ངེད་དྲ་བར་གཟིགས་ཀློག་གནང་མཁན་དང་། རྒྱབ་སྐྱོར་གནང་མཁན། ཐབས་ཇུས་འདོན་མཁན་གྱི་ལས་རིགས་སོ་སོ་ཁག་གི་རྒན་དར་གཞོན་གསུམ་ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཕྱིས་འབྱུང་དུའང་ཁམས་བདེ་ཟོ་བཟང་ཡོང་ཞིང་སྐུ་ཚེ་ཕྱྭ་བསོད་དར་བར་སྨོན་འདུན་ཞུའོ། །