logo

དཔའ་རིས་པའི་སེམས་ཁོངས་ན་འཚེར་བའི་སྐར་མ་འོད་ཆེན།

རྩོམ་པ་པོ།:སྟོབས་ལྡན་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-01-24 ཀློག་གྲངས།:


གླུ་མ་རིག་འཛིན་སྒྲོལ་མས་དཔའ་རིས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་
རིག་རྩལ་སྤྲོ་ཚོགས་སྟེང«དཔའ་རིས་པ»ཞེས་པའི་གླུ་དབྱངས་ངག་ལ་གྱེར་བཞིན་པ།

            མོས་ཕ་སྐད་གཙང་མས་གྱེར་བའི་སྙན་མོ་ངག་གི་དབྱངས་རྟ་རེ་རེས་ཉན་མཁན་ཁྲི་སྟོང་མང་བོའི་སེམས་སུ་རྡོ་བརྐོས་ཀྱི་རི་མོ་བཞིན་ནམ་ཡང་ཡལ་བ་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད། མོའི་ཀུན་མཐུན་དང་བབ་བརླིང་བརྟན་གསུམ། དེ་མིན་བབ་ཆགས་སུ་སྣང་བའི་མི་གཤིས་དག་ལ་ཡང་ཀུན་གྱི་བསྟོད་བསྔགས་ཀྱིས་མེ་ཏོག་རླུང་ལྟར་བཟློ་བཞིན་ཡོད། མོའི«དཔའ་རིས་པ»དང་«འབྲི་མོ་དུང་ཆུང་དཀར་མོ»བརྒྱུད་ནས་མི་མང་བོ་ཞིག་གིས་དཔའ་རིས་ཞེས་པའི་མཛེས་སྡུག་ཞིང་ཁམས་དེར་རྒྱུས་མངའ་ཡོད་པར་མ་ཟད། རྫོང་དེ་ནི་རང་རྒྱལ་གྱི་བོད་རིགས་རང་སྐྱོང་རྫོང་གཉིས་ཡོད་པའི་གྲས་ཀྱི་གཅིག་ཡིན་པ་དང་། དཔའ་རིས་ནི་ནོར་དཀར་གྱི་ཕ་ས་དང་བཀའ་མ་ལོག་གི་བརྒྱུད་པ་སྟེ། བོད་བཙན་པོའི་སྐབས་ཀྱི་མཐའ་སྲུང་དཔའ་དམག་གི་རྒྱུད་པ་ཡིན་པས་ད་གཟོད་དཔའ་རིས་ཞེས་པའི་མིང་གི་ཐོགས་ཚུལ་སོགས་ལ་གསལ་ཆ་ཡོད་པར་གྱུར། རིག་འཛིན་སྒྲོལ་མར་མཚོན་ནས་བཤད་ན་རང་གི་མི་རིགས་ལ་དགའ་ཞིང་རང་གི་རིག་གནས་ལ་དུང་ཞེན་ཡོད་མཁན་ཞིག་ཡིན་པས། མོའི་རང་གི་ཕ་སྐད་གཙང་མས་བླངས་པའི་གླུ་དབྱངས་དང་དམངས་གླུ་ཐམས་ཅད་ལ་ཀུན་གྱིས་དགའ་བསུ་དང་མཐོང་ཆེན་བྱེད་བཞིན་ཡོད། འདི་ཡང་དག་དག་བོད་རིགས་ཉན་མཁན་ཚོས་མོ་ལ་གོང་བཀུར་དང་བརྩི་འཇོག་བྱེད་སའི་རྒྱུ་རྐྱེན་གཙོ་བོ་རེད། བོད་ཀྱི་གཞས་མ་ཞིག་གི་ངོས་ནས་བཤད་ན། མོའི་བླངས་བའི་གྲུབ་འབྲས་ལ་ཀུན་གྱིས་གདེང་འཇོག་ཚད་མཐོན་པོ་གནང་གི་ཡོད། རོང་འབྲོག་མང་ཚོགས་དང་དགོན་སྡེ་ཁག་གི་གྲྭ་བཙུན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་སོགས་བོད་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་གླུ་མ་རིག་འཛིན་སྒྲོལ་མ་ནི་བོད་ཀྱི་གཞས་མའི་འཐུབ་ཚབ་དུ་བརྩི་བཞིན་ཡོད་ལ། ལྷག་པར་དུ་བོད་ཀྱི་སློབ་གྲྭ་ཆེན་མོའི་ཁྲོད་དུ་མོའི་གླུ་སྐད་ལ་དགའ་བའི་ཉན་མཁན་བགྲང་གིས་མི་ལངས་པ་ཞིག་ཡོད། དེ་དག་ནི་རིག་འཛིན་སྒྲོལ་མ་མོ་རང་ཉིད་ལ་གཞན་ལས་ཁྱད་དུ་འཕགས་པའི་སྐད་ངག་སྙན་མོ་དང་མོས་བླངས་པའི་གླུ་དང་གླུ་དབྱངས་གང་རུང་ཞིག་གིས་མི་སེམས་ལ་བཞག་པའི་ཡལ་མེད་ཀྱི་བག་ཆགས་ཟབ་མོ་དེ་ཡིན་པར་གདོན་མི་ཟ།  རིག་འཛིན་སྒྲོལ་མས་བཤད་རྒྱུར་ང་རང་ཕྱིར་ཕ་ཡུལ་དུ་ལོག་ཐེངས་རེ་རེར་ཡིད་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཚ་ཡེར་བ་ཞིག་ངང་གིས་སྦྱིན་ཡོང་། དེ་ནི་ཕ་ཡུལ་གྱི་གཞོན་སྐྱེས་མང་བོ་ཞིག་གིས་བོད་སྐད་གཙང་མ་བཤད་མི་ཤེས་པ་དང་ལ་ལས་བོད་སྐད་གཏན་ནས་བཤད་མི་ཤེས་པ་དེ་རེད། ནམ་རྒྱུན་རང་གི་ཡུལ་མི་སྤུན་ཟླ་ཚོ་དང་གླེང་མོལ་བྱེད་དུས་ཁོ་ཚོ་ཡང་མོ་དང་འདྲ་བར་རང་གི་མི་རིགས་ལ་དུངས་ཤིང་རང་གི་ཡབ་མེས་རྣམས་ཀྱིས་བཞག་པའི་རིག་གནས་ལ་དགའ་ཞེན་ཡོད་པའང་ཤེས། མོའི་ཕ་ཡུལ་ན་དཔའ་རིས་ཡུལ་གྱི་ཁྱད་ཆོས་ལྡན་པའི་བོད་དམངས་ཁྲོད་ཀྱི་རིག་གནས་སྒྱུལ་རྩལ་སྣ་ཚོགས་ཤིག་ཡོད་ལ། མོས་ནམ་རྒྱུན་དམངས་ཁྲོད་ཀྱི་གཞས་གདངས་སྣ་ཚོགས་འཚོལ་སྡུད་བྱེད་པའམ་དམངས་ཁྲོད་སྒྱུལ་རྩལ་པ་དག་ལ་འབྲེལ་འདྲིས་དང་གླེང་མོལ་བྱེད་དུས་ཁོ་ཚོ་ཡང་མོ་དང་འདྲ་བར་ཕངས་སེམས་ཤིག་གིས་ཁེངས་འདུག  ཁོ་ཚོས་བཤད་རྒྱུར། བྱིས་པ་ཚོས་བོད་ཡིག་བོད་སྐད་མི་ཤེས་པས་རང་ལ་ཡོད་པའི་ངག་རིག་གི་སྒྱུ་རྩལ་སྣ་ཚོགས་དང་བོད་ཀྱི་གོམས་སྲོལ་ཏེ། དཔེར་ན། གཉེན་སྒྲིག་གི་ཆོ་ག་དང་བཤད་པ་སྣ་ཚོགས། གོམས་གཤིས་སྣ་ཚོགས་སོགས་དམངས་སྲོལ་རིག་གནས་མང་བོ་ཞིག་ཉམས་རྒུད་དུ་གྱུར་ནས་ང་ཚོ་དང་ང་ཚོའི་རྗེས་རབས་པ་དང་བར་ཐག་ཇེ་རིང་ནས་ཇེ་རིང་རེད་ལ། ང་ཚོ་རྒན་པ་ཚོའི་སེམས་སུ་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་ཀྱང་ངང་གིས་སྐྱེས་ཡོང་ཟེར། བོད་པའི་བོད་སྐད་མི་ཤེས་པ་དང་བོད་ཡིག་མི་ཤེས་པའི་ཡིད་སྐྱོ་བའི་ཕངས་སེམས་ཚབས་ཆེན་དེར་ཁ་སྐོང་ཞིག་བྱེད་ཆེད་དང་། རང་གིས་ཀྱང་རང་གི་ཕ་ཡུལ་དང་མི་རིགས་ལ་རང་ནུས་ཀྱིས་ཅི་ལྕོགས་ཀྱིས་དོན་བྱ་ཞིག་བསྒྲུབ་དགོས་བསམ་ནས་ལོ་འགར་གྲ་སྒྲིག་དང་བསམ་བློ་མང་བོ་བཏང་མཐར། མོས་རང་གི་ཕ་ཡུལ་གྱི་སྡེ་བ་བཅུ་ནས་དབྱར་གནང་དང་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་བྱིས་པ་རྣམས་ལ་བོད་ཡིག་དང་དབྱིན་ཡིག་སློབ་ཁྲིད་བྱེད་རྒྱུའི་སེམས་ཐག་བཅད།


ཆུ་ཆ་སྡེ་བའི་སློབ་མ།

            སྤྱིར་མོའི་འཆར་གཞི་ལྟར་ན་སློབ་མ་བརྒྱ་དང་བཅུ་དགུ་ལ་བོད་ཡིག་དང་དབྱིན་ཡིག་སློབ་ཁྲིད་བྱེད་རྩིས་ཡོད་མོད། འོན་ཀྱང་ས་གནས་དེ་དག་བོད་རིགས་མང་ཚོགས་རྣམས་རང་གི་བོད་ཡིག་བོད་སྐད་སྦྱང་འདོད་ཀྱི་འདུན་པ་དྲགས་པོ་ཡོད་རྐྱེན། ད་ལོའི་དབྱར་ཁར་སློབ་མ་སུམ་བརྒྱ་ཉེར་དགུ་ཐེངས་འདིའི་ཟབ་སྦྱོང་ལ་ཞུགས་པར་མ་ཟད། ས་གནས་མང་ཚོགས་ཀྱིས་རིག་འཛིན་སྒྲོལ་མས་བསྒྲུབས་པའི་བོད་དབྱིན་ཟབ་སྦྱོང་འཛིན་གྲྭ་དེར་རྒྱབ་སྐྱོར་དང་རོགས་རམ་གང་མང་གནང་། ཐེངས་འདིར་བ་བཟའ་ཞང་བྲག་རྒྱ་འགག་སྡེ་བ། རྒྱ་ཏིག་ཞང་རང་སྟག་ནང་སྡེ་བ། ཟབ་ལུང་སྡེ་བ། ཕྱེ་སྒུར་ཐང་སྡེ་བ། ཟབ་ལུང་བཀྲ་སྐོ་སྡེ་བ། མྱེ་མཐུར་ཇག་ལམ་སྡེ་བ། ཆུ་ཆ་སྡེ་བ། བ་བཟའ་ཞང་རྡོ་དཀར་ལ་ཁ་སྡེ་བ། འོང་བ་ལུང་སྡེ་བ། སྲིབ་ལུང་སྡེ་བ་བཅས་བསྡོམས་པས་སྡེ་བ་བཅུ་ནས་བོད་དབྱིན་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་དང་། དེར་དགེ་རྒན་བཅོ་བརྒྱད་བཀོད་སྒྲིག་བྱས། དགེ་རྒན་མང་ཆེ་ཤོས་དཔའ་རིས་ས་ཆའི་མི་ཡིན་ལ། དགེ་རྒན་གཅིག་གི་ཟླ་ཕོགས་སྒོར་ཆིག་སྟོང་ལྔ་བརྒྱ་སྟེར་རྒྱུ་དང་སློབ་མ་ཚོའི་བསླབ་དེབ་དང་སྨྱུ་གུ་སོགས་སློབ་སྦྱོང་གི་མཁོ་ཆས་ཡོད་ཚད་མོ་རང་ཉིད་ཀྱིས་མ་དངུལ་ཁྲི་བདུན་ལྷག་བཏང་། ཐོག་མར་མིང་ཐོ་འགོད་དུས་སྡེ་བ་རེ་ན་སློབ་མ་བཅུ་ཕྲག་ཁ་ཤས་ལས་མེད་མོད། འོན་ཀྱང་སློབ་མགོ་ཚུགས་ནས་ཉིན་བཅོ་ལྔ་ཡས་མས་འགོར་རྗེས་མིང་ཐོ་འགོད་མཁན་རིམ་གྱིས་ཇེ་མང་ནས་ཇེ་མང་རེད། གསར་འགོད་པས་དེ་ལྟར་ན་ཁྱོད་ཀྱི་འགྲོ་སྒོ་ཡང་ཇེ་མང་མིན་ནམ་ཞེས་དྲིས་པ་ན། རིག་འཛིན་སྒྲོལ་མས་གདོང་ལ་འཛུམ་མདངས་ཤིག་རྒྱས་ཞོར། བདེན་པ་རེད། སློབ་མ་ཇེ་མང་དུ་སོང་ན་ང་མཚོན་ན་ཁུར་བོ་ཇེ་ལྗི་ཡིན་རུང་། ངས་ཅིས་ཀྱང་དཀའ་ངལ་དེ་དག་ཐབས་བརྒྱ་ཇུས་སྟོང་གིས་ཁྱད་གསོད་བྱས་ནས། ཁྱིམ་བདག་དང་སློབ་མ་ཚོའི་བོད་ཡིག་བོད་སྐད་སྦྱང་འདོད་ཀྱི་འདུན་པ་ཇེ་དྲག་ཏུ་གཏོང་ངེས་པ་དང་། ངས་སེམས་ཁུར་བྱེད་ས་ནི་ཁྱིམ་བདག་དང་སློབ་མ་ཚོ་བོད་ཡིག་སྦྱང་འདོད་ཀྱི་བསམ་པ་ཡོད་མིན་དེ་རེད་ཟེར། སློབ་ཁང་དང་སྒྲོག་ཙེ་མེད་པས་གནས་སྐབས་སུ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དང་། མཐའ་ན་སྡེ་བའི་ཁྱིམ་ཚང་བཅས་སུ་སློབ་ཁང་བཀོད་སྒྲིག་བྱས་ཡོད། སྡེ་མི་ལ་ལས་རང་གི་ཁྱིམ་མི་འདུག་སའི་ཁང་བ་བྱིས་པ་ཚོས་སློབ་སྦྱོང་བྱེད་སར་གཡར་བའང་ཡོད། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རིག་འཛིན་སྒྲོལ་མ་ཧ་ཅང་སེམས་འགུལ་ཐེབས་པས་ངང་བཤད་རྒྱུར། ངའི་ཕ་ཡུལ་གྱི་ཡུལ་མི་རྣམས་ནི་འདི་འདྲའི་གཏོང་ཕོད་དང་གཞུང་དྲང་ལྡན་པ་ཞིག་ཡིན་པས། རང་གི་ནུས་ཚོད་ཀྱིས་བྱིས་པ་ཚོར་བོད་ཡིག་བོད་སྐད་ཤེས་སུ་འཇུག་རྒྱུའི་བསམ་བློ་དེའང་ཇེ་བརྟན་ནས་ཇེ་བརྟན་རེད་ཟེར། མོའི་འཆར་གཞི་ལྟར་ན་ལོ་དྲུག་གི་རིང་དུ་སྡེ་བ་སོ་སོའི་སློབ་མ་རྣམས་ལ་བོད་དབྱིན་འཛིན་གྲྭ་བསྡུ་རྒྱུ་རེད།  
            བོད་དབྱིན་ཟབ་སྦྱོང་འཛིན་གྲྭ་བསྡུས་ནས་ཉིན་བཅོ་ལྔའི་རྗེས་སུ་སློབ་མ་ཚོས་དབྱངས་གསལ་སོ་བཞི་ཕལ་ཆེར་འབྲི་ཀློག་བྱེད་ཤེས་པས། སློབ་མའི་ཁྱིམ་བདག་དང་སློབ་གྲོགས་ཚོ་ཡིད་ཆེས་ཤིག་དང་སྤྲོ་སྣང་ཞིག་གིས་ཁེངས་འདུག དེ་མིན་གཞན་པའི་སྡེ་བ་བཞི་ལྔའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མི་སྣ་ཐད་ཀར་རིག་འཛིན་སྒྲོལ་མའི་སར་ཡོང་ནས། ཁོ་ཚོའི་སྡེ་བ་ནས་ཀྱང་འདི་ལྟ་བའི་བོད་དབྱིན་ཟབ་སྦྱོང་འཛིན་གྲྭ་ཞིག་བསྡུ་དགོས་པའི་རེ་བ་འདོན་གྱིན་ཡོད།     
            ས་གནས་དགེ་རྒན་ཚོས་མཚམས་སྦྱོར་བྱས་དོན། སློབ་མ་མང་ཆེ་བའི་ཡུལ་སྤྱི་ལེ་བདུན་བརྒྱད་ཀྱི་མཚམས་སུ་ཡོད་ནའང་། ཁོ་ཚོ་ནམ་རྒྱུན་དུས་ལྟར་སློབ་གྲྭ་ཡོང་ཚུལ་ལ་བལྟས་ན་རང་གི་རིག་གནས་ལ་སྦྱང་བ་བྱེད་འདོད་ཀྱི་འདུན་པ་བཟང་བོ་ཞིག་ཡོད་པ་ཤེས་ཐུབ་ཟེར།


འབྲེལ་ཡོད་འོས་སྦྱོར།