ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས《སྒྲོལ་མའི་མགུལ་རྒྱན》གྱི་ཕབ་སྐྲུན་བྱ་བ་མཇུག་རྫོགས་པ།
ཞི་བདེ་ཉི་མའི་གློག་བརྙན་གསར་བ《སྒྲོལ་མའི་མགུལ་རྒྱན》།
ཉེ་ལམ། ཁ་བ་ཅན་གློག་བརྙན་ཁྱབ་སྤེལ་ཚད་ཡོད་ཀུན་ཟིས་ཕབ་སྐྲུན་སྒྲིག་སྦྱོར་བྱས་པའི《སྒྲོལ་མའི་མགུལ་རྒྱན》གྱི་དབུས་སྐད་དང་ཨམ་སྐད། རྒྱ་སྐད། དབྱིན་སྐད་སོགས་ཀྱི་སྐད་རིག་དང་ཡི་གེར་བསྒྱུར་ནས་ཡོངས་སུ་འགྲུབ་ཅིང་། ལྕགས་མོ་ཡོས་ཀྱི་ལོ་སར་སྐབས་སུ་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་རེད།
གློག་བརྙན་འདི་ནི་མིང་དུ་གྲགས་པའི་འཁྲབ་སྟོན་སྒྱུ་རྩལ་པ་དང་གློག་བརྙན་འཁྲབ་ཁྲིད་པ་ཞི་བདེ་ཉི་མའི་གློག་བརྙན་བརྩམས་ཆོས་གསར་བ་ཞིག་ཡིན་ལ། འདིའི་ནང་བུ་མོ་སྒྲོལ་མའི་སྤྱིར་བཏང་གི་འཚོ་བའི་ཁྲོད་མོའི་ཆེས་བབ་ཆགས་དང་ཆེས་མཛེས་སྡུག་ལྡན་པའི་ཡིད་འགུག་གི་གཏམ་རྒྱུད་ཅིག་བརྗོད་ཀྱི་ཡོད་ཅིང་། མཇུག་མཐར་ཕྱུག་རྫི་བུ་མོས་རྒྱུ་འབྱོར་དང་ཕྱི་ཡུལ་གྱི་མཛེས་སྡུག་སོགས་ཡོད་ཚད་བློས་བཏང་སྟེ་ནང་སེམས་ཀྱི་མཛེས་སྡུག་ལ་བསྙེགས་པའི་ལམ་དུ་ཆས་པ་རེད།
གཏམ་རྒྱུད་ཀྱིས་མཐོ་སྒང་ན་གཞིས་ཆགས་པའི་བོད་རིགས་འཚོ་བ་དངོས་ཤིག་བརྗོད་ཀྱི་ཡོད་པ་སྟེ། སྙིང་རྗེ་དང་བྱང་སེམས་སྒོམ་པ། སེམས་ཅན་ཐམས་ཅད་ལ་སྨོན་ལམ་ཞུ་བ་སོགས་དུས་རྒྱུན་འཚོ་བའི་ནང་རྒྱུན་ཆགས་སུ་གྱུར་བ་དང་། མཐོ་སྒང་བོད་མི་རྣམས་ཀྱིས་མི་ཚེའི་མཐོ་རིམ་ཞིག་ལ་རེ་སྙེག་བྱེད་པའི་སྤྱི་ཚོགས་འཚོ་བའི་ཟུར་ངོས་གཞན་ཞིག་སྟོན་གྱི་ཡོད་པ་རེད།
ལོ་གསར་བའི་དུས་བཟང་ལ། 《སྒྲོལ་མའི་མགུལ་རྒྱན》ཞེས་པའི་གློག་བརྙན་འདི་ཀྲུང་དབྱང་བརྙན་འཕྲིན་ལེ་ཚན་དང་། ས་ཁུལ་དང་ཞིང་ཆེན་བརྒྱད་ཀྱི་བརྙན་འཕྲིན་ཁང་ནས་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ལ་སྐྱེས་སུ་འབུལ་རྒྱུ་ཡིན་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་ཚོང་ར་ཡོངས་ལ་འགྲེམས་རྒྱུ་རེད།