logo

《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》ཞེས་པའི་པར་དེབ་པེ་ཅིན་ནས་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-11 ཀློག་གྲངས།:


《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》པར་དེབ།

  2011ལོའི་ཟླ1ཚེས9ཉིན།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་པར་དེབ《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》ཞེས་པ་པེ་ཅིན་ནས་དཔེ་གསར་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་པ་རེད། 


འགྲེམ་སྤེལ་མཛད་སྒོར་ཞུགས་པའི་ཆེད་མཁས་དང་འགོ་ཁྲིད་རྣམ་པ།

  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་གཙོ་གཞོན་པ་སྲིད་ཐར་དང་།  རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་བྱ་བའི་འགོ་གཙོ་གཞོན་པ་རྟ་མགྲིན་དབང་འབུམ་སོགས་འགོ་ཁྲིད་དང་།   ལས་རིགས་སོ་སོའི་ཆེད་མཁས་རྣམས་འགྲེམ་སྤེལ་གྱི་མཛད་སྒོ་ལ་ཞུགས་ཏེ་གཏམ་བཤད་གནང་བ་རེད། 
  《གེ་སར་རྒྱལ་བོའི་སྒྲུང》ནི་བོད་ཀྱི་ལོ་རྒྱུས་དང་།  རིག་གནས།  ཆོས་ལུགས།  སྤྱི་ཚོགས། མི་རིགས་འབྲེལ་འདྲིས།  བསམ་བློའི་ཀུན་སྤྱོད།  ཡུལ་སྲོལ་གོམས་གཤིས་སོགས་ལ་འབྲེལ་བ་དམ་པོ་ཡོད་ཅིང་།  འདི་ནི་བོད་པའི་སྲོལ་རྒྱུན་རྩོམ་རིག་གི་ཆེས་མཐོ་ཚད་ན་གནས་ཡོད་པ་རེད། 


ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་གཙོ་གཞོན་པ་
སྲིད་ཐར་གྱིས་གཏམ་བཤད་གནང་བ།
 

  ཐེངས་འདིའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》 པར་དེབ་ཀྱི་གསར་གཏོད་རང་བཞིན་ལས་གེ་སར་སྒྲུང་གི་བརྗོད་བྱ་དང་བོད་པའི་ཐང་ཀ་སྒྱུ་རྩལ་གྱི་རྣམ་པ་སྤྱད་ཅིང་།  རང་བྱུང་གཏེར་དངོས་ཀྱི་རྒྱུ་ཆ་ལས་ཐང་ཀ1288བཞེངས་ཡོད་པ་རེད།  འདི་ནི་བོད་པའི་རིག་གནས་སྒྱུ་རྩལ་གྱི་སྲོག་ཤིང་རྒྱུན་འཛིན་དང་གསར་གཏོད་མཉམ་སྦྱོར་གྱིས་མཚོན་པའི་ཁྱད་འཕགས་བརྩམས་ཆོས་ཤིག་རེད།  2008ལོར་རྒྱལ་ཁབ་ཀྱི་རིག་དངོས་ཅུའུ་དང་ཀྲུང་གོ་རིག་དངོས་བཤམས་སྟོན་ཁང་སོགས་ཀྱིས་ཀྲུང་གོའི་མི་རིགས་སྒྱུ་རྩལ་ཁྱད་དངོས་སུ་འདེམས་པ་རེད།


དཀར་མཛེས་ཀྱི་སྒྱུ་རྩལ་པ་དཀོན་མཆོག་བཀྲ་ཤིས་ཀྱིས་འགྲེམ་སྤེལ་མཛད་སྒོའི་སྟེང་
ཐང་ཀ་བཞེངས་པའི་གོ་རིམ་ངོ་སྤྲོད་གནང་བཞིན་པ། 

  ཐང་ཀའི་སྤྱིའི་འཆར་འགོད་པ་དང་བཟོ་བཀོད་པ་ནི་བོད་པའི་ཐང་ཀའི་སྒྱུ་རྩལ་གྱི་རྒྱུན་འཛིན་དང་གསར་གཏོད་ཀྱི་འགོ་ཁྲིད་མི་སྣ་དཀོན་མཆོག་བཀྲ་ཤིས་རེད།  ཁོ་རང་ཆུང་དུས་ནས་བཟུང་སྡེ་དགེ་དགོན་པའི་སྙན་གྲགས་རྒྱས་པའི་སྒྱུ་རྩལ་པ་ཐང་ལྷ་ཚེ་དབང་དགེ་རྒན་དུ་བསྟེན་ཞིང་།  ཕྱོགས་ཡོངས་ནས་སྐུ་བརྙན་བཞེངས་བའི་ལག་རྩལ་དང་རིག་གནས་ཤེས་བྱ་སོགས་ལ་འབད་པ་གང་ལེགས་སྒོས་སྦྱང་བརྩོན་བྱས་ཤིང་།  དེ་ནས་སྒྱུ་རྩལ་པ་ཐུབ་བརྟན་ཚེ་རིང་དགེ་རྒན་དུ་བསྟེན་ཏེ་འབད་པ་ཆེར་བསྐྱེད་བྱས་མཐར་བོད་ཀྱི་སྲོལ་རྒྱུན་འདྲ་རིས་དང་སྐུ་བརྙན་ལག་རྩལ་སོགས་ཀྱི་ཕྱོགས་ནས་ཅུང་སྙན་གྲགས་རྒྱས་པའི་སྒྱུ་རྩལ་པ་ཞིག་ཏུ་གྱུར་བ་རེད།
  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་མི་རིགས་ཀྱི་ཁྱད་འཕགས་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དམིགས་སུ་བཟུང་སྟེ།  སྤྲོ་བ་ཆེན་པོའི་ངང་སྒྱུ་རྩལ་ཁྱད་དངོས་འདི་པར་དུ་སྐྲུན་ནས་ཁྱབ་རྒྱ་ཆེ་བའི་འདྲ་རིས་ཀྱི་རྣམ་པ་ལས《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》ཀྱི་པར་དེབ་འདི་རྒྱལ་ཁབ་ཕྱི་ནང་གི་དཔེ་ཀློག་པ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་དང་།   མི་རྣམས་ལ་ཕྱོགས་གང་མང་དང་།  རྣམ་པ་གང་མང་གི་སྒོ་ནས་གེ་སར་ཐང་ཀའི་སྒྱུ་རྩལ་ལ་ཡིད་མོས་དང་གོ་བ་ཟབ་མོ་ཞིག་ལོན་པར་བྱ་དགོས་སྙམ་གྱི་ཡོད། 


སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱིའི་རྩོམ་སྒྲིག་པའམ་འགོ་གཙོ་གཞོན་པ་ཚེ་རིང་བཀྲ་
ཤིས་ཀྱིས་པར་དེབ་དང་འབྲེལ་ཡོད་བརྗོད་བྱ་མཚམས་སྦྱོར་བྱེད་པ། 
 

  གཞི་རྒྱ་ཆེ་བའི་ངང་རྒྱལ་ཡོངས་མཛེས་རྩལ་པ་དང་།  ཕབ་སྐྲུན་བྱེད་མཁན། པར་སྐྲུན་མཁན། བོད་རིག་པ་སོགས་ཀྱི་ཆེད་མཁས་རྣམས་ལྷན་དུ་པར་སྐྲུན་ཇུས་གཞི་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་མཐར།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་སྡེ་ཁག་དང་མཉམ་འབྲེལ་སྒོས་སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སོགས་སུ་ཕྱིན་ཏེ།  ཟླ་ལྔའི་རིང་ས་ཁུལ་འདི་གཉིས་ཀའི་གེ་སར་ཐང་ཀ་པར་སྐྲུན་བྱས་པ་དང་། ཡི་གེ་པར་འགྲེལ་བྱས་པའི་ཁག་ལ།  ཐོག་མར་གཟབ་ནན་གྱིས་མ་ཡིག་གི་ནང་དོན་གྱི་རྨང་གཞིའི་སྟེང་། བོད་ཀྱི་སྙན་ངག་གི་ཁྱད་ཆོས་གཞིར་བཟུང་སྟེ་བོད་ཡིག་པར་འགྲེལ་ནང་དོན་ལ་དེ་ལས་ལྷག་པར་ཉིང་བཅུད་བསྡུས་ཤིང་།   རྒྱ་ཡིག་འགྱུར་མ་དང་དབྱིན་ཡིག་འགྱུར་མའི་ཁག་རྣམས་ལ་ལྟས་བཅོས་ཀྱིས་འགྱུར་བ་བཏང་ཡོད་དེ།  ལྷག་པར་དུ་གཏམ་རྒྱུད་ཀྱི་མིང་དང་།  ས་མིང་།  མི་སྣའི་མིང་སོགས་ངེས་པར་དུ་ཚད་ལྡན་དུ་གཏོང་དགོས་པ་དང་ཆབས་ཅིག་ཏུ་དངོས་ཤུགས་གང་ཡོད་སྒོས་བོད་རྒྱ་དབྱིན་གསུམ་གྱིས་པར་འགྲེལ་བྱས་པའི་ཁྱབ་ཆེ་བའི་པར་དེབ《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》ཞེས་པ་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་རེད།  དེའི་པར་རིས་ཀྱི་མང་ཚད་དང་ཡི་གེ་ཟིན་ཚད། སྐད་རིགས་མང་ཚད་སོགས་ཀྱི་ཕྱོགས་ནས་བོད་ཀྱི་སྒྱུ་རྩལ་པར་དེབ་ལས་ཆེས་ལྷག་པར་ངེས་པ་དང་།  ནང་དོན་གྱི་ཆ་ནས་དམངས་སྲོལ་རིག་པ་དང་།  ཐང་ཀའི་སྒྱུ་རྩལ་སོགས་རིག་ཚན་མང་དུ་གཏོགས་ཤིང་།  རིག་གཞུང་དང་སྒྱུ་རྩལ་གྱི་ཆ་འདུས་པ་དང་།   ཉར་ཚགས་ཀྱི་རིན་ཐང་ལྡན་པའི་ཡིད་འཕྲོག་པར་དེབ་ཅིག་རེད། 
  《གེ་སར་རྟོགས་བརྗོད་ཞལ་ཐང་མཐོང་བ་ཀུན་སྨོན》པར་དེབ་འདི་བོད་ཁུལ་མཛེས་རྩལ་ལས་རིགས་ཀྱི་འཕེལ་རྒྱས་དང་།  སྒྱུ་རྩལ་གྱི་ནོར་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  མི་རིགས་བར་གྱི་རིག་གནས་བརྗེ་རེས་ལ་ཡར་སྐུལ།  མི་རིགས་རིག་གནས་ཤུལ་བཞག་གི་མྱུར་སྐྱོབ་དང་སྲུང་སྐྱོང་བྱ་བ་སོགས་ལ་དོན་སྙིང་ཆེན་པོ་ལྡན་ངེས་རེད། 


འབྲེལ་ཡོད་འོས་སྦྱོར།