འཛམ་གླིང་བུམ་པ་རྟགས་ཅན་གྱི་བྲག་ཐེམ་འགྲན་འཛེགས་བྱ་འགུལ་མཚོ་ལྷོ་ནས་སྤེལ་རྒྱུ་ཡིན།
ཚོགས་རའི་རྣམ་པ།
སྤྱི་ཟླ1པོའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་གུང་ཧོ་རྫོང་ནས2011ལོའི་ཀྲུང་གོ་མཚོ་སྔོན་མཐོ་སྒང་འཛམ་གླིང་བུམ་པ་རྟགས་ཅན་གྱི་བྲག་ཐེམ་འགྲན་འཛེགས་བྱ་འགུལ་མཚོ་ལྷོ་ནས་སྤེལ་རྒྱུར་མིང་རྟགས་འགོད་པའི་མཛད་སྒོ་དང་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས། དེ་ལས2011ལོའི་ཀྲུང་གོ་མཚོ་སྔོན་མཐོ་སྒང་འཛམ་གླིང་བུམ་པ་རྟགས་ཅན་གྱི་བྲག་ཐེམ་འགྲན་འཛེགས་དེ་མཚོ་ལྷོ་ཁུལ་གྱི་གནས་མཆོག་ཁྲི་ཀ་རྫོང་ནས་སྤེལ་རྒྱུ་ཡིན་པ་མཚོན་ལ། དུས་མཚུངས་སུ་ཀྲུང་གོ་མཚོ་སྔོན་མཐོ་སྒང་འཛམ་གླིང་བུམ་པ་རྟགས་ཅན་གྱི་བྲག་ཐེམ་འགྲན་འཛེགས་བྱ་འགུལ་ཏེ་རྒྱལ་སྤྱིའི་རྟགས་ཅན་གྱི་འགྲན་བསྡུར་དང་ས་གནས་ཀྱི་ཁྱད་ཆོས་ཟུང་དུ་སྦྲེལ་བའང་མཚོན་པ་དང་། ལུས་རྩལ་འགྲན་བསྡུར་དང་དོ་དམ་གཉིས་རང་གར་དོ་བདག་བྱེད་པའི་ཚོང་ར་ཅན་གྱི་འཁོར་སྐྱོད་རྣམ་པ་མངོན་འགྱུར་བྱས།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུང་ཡན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུའུ་ཀྲང་གཞོན་པ་ཡྰང་ཕེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུའུ་ཀྲང་གཞོན་པ་ཡྰང་ཕེ་དང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུང་ཡན། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་རྟ་མགྲིན་ཚེ་རིང་། ཁུལ་དཔོན་གཞོན་པ་བསོད་ནམས་རྒྱལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ། ད་དུང་ཁྲི་ཀ་རྫོང་གི་འབྲེལ་ཡོད་འགོ་ཁྲིད། ཁུལ་རིག་གནས་ཅུའུ། ནོར་སྲིད་ཅུའུ་སོགས་ཀྱི་འབྲེལ་ཡོད་འཐུས་མི་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུའུ་ཀྲང་གཞོན་པ་ཡྰང་ཕེ་དང་། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུང་ཡན་སོགས་ཀྱིས་གཏམ་བཤད་གལ་ཆེན་གནང་། སུང་ཡན་གྱིས་བཤད་རྒྱུར། ཁྲི་ཀ་ས་ཆ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རིག་གནས་ཀྱི་གཏིང་ཟབ་པའི་གནས་མཆོག་ཅིག་ཡིན་པས། རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་འདི་འདྲ་ཞིག་ཁྲི་ཀ་ས་ཆ་ནས་སྤེལ་བར་ཕྱོགས་གཅིག་ནས་མཚོ་ལྷོ་ཁུལ་དང་སྒོས་སུ་ཁྲི་ཀ་རྫོང་གི་དཔལ་འབྱོར་དང་རིག་གནས་ཕྱིར་བསྒྲགས་ལ་ནུས་པ་ངེས་ཅན་ཞིག་འདོན་ཐུབ་ལ། ཕྱོགས་གཞན་ཞིག་ནས་ཀྲུང་གོ་མཚོ་སྔོན་མཐོ་སྒང་འཛམ་གླིང་བུམ་པ་རྟགས་ཅན་གྱི་བྲག་ཐེམ་འགྲན་འཛེགས་བྱ་འགུལ་དེ་རྒྱལ་སྤྱིའི་རང་བཞིན་གྱི་མཚན་སྙན་གྲགས་རྒྱས་པའི་འགྲན་བསྡུར་ཞིག་ཏུ་གྱུར་བར་ཡང་མཐུན་རྐྱེན་ཡག་པོ་བསྐྲུན་ཐུབ། ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཅུའུ་ཀྲང་གཞོན་པ་ཡྰང་ཕེ་དང་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་བསོད་ནམས་རྒྱལ་གཉིས་ཀྱིས་ཆོག་མཆན་ཡི་གེ་སྟེང་མིང་རྟགས་བཀོད།
མིང་རྟགས་འགོད་བཞིན་པའི་ཚུལ།
2011ལོའི་ཀྲུང་གོ་མཚོ་སྔོན་མཐོ་སྒང་འཛམ་གླིང་བུམ་པ་རྟགས་ཅན་གྱི་བྲག་ཐེམ་འགྲན་འཛེགས་བྱ་འགུལ་དེ་རྒྱལ་སྤྱིའི་རི་འཛེགས་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད། 2011ལོའི་ཟླ9བའི་ཟླ་འགོར་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ནས་སྤེལ་རྒྱུ་རེད། ཐེངས་འདིའི་འགྲན་བསྡུར་དེ་རྒྱལ་སྤྱིའི་རི་འཛེགས་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱེད་རྒྱུ་ཡིན་ལ། དམིགས་ཡུལ་ནི་མཚོ་ལྷོ་ཁུལ་དེ་རྒྱལ་ཡོངས་དང་འཛམ་གླིང་སྟེང་འགྲན་བསྡུར་ཆེན་མོ་བསྡུས་བའི་ཤུགས་རྐྱེན་ཇེ་མཐོར་གཏོང་བ་དང་མཚོ་ལྷོ་ཁུལ་ཕྱི་ལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ། ནུབ་རྒྱུད་ཀྱི་མཐོ་སྒང་རི་འཛེགས་ལུས་རྩལ་འགྲན་བསྡུར་ཁྱབ་སྤེལ་བཏང་ནས་ཁྲི་ཀ་རྒྱལ་ཁབ4Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྙན་གྲགས་ཇེ་ཆེར་གཏོང་བ་བཅས་ཡིན། །