logo

ཆབ་མདོ་ས་ཁུལ་གྱིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་བྱེད་པ།

རྩོམ་པ་པོ།:མིང་མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན། དུས་ཚོད།:2010-11-03 ཀློག་གྲངས།:

 ཉེ་དུས་ཁམས་པའི་རིག་གནས་ཀྱི་འབྱུང་གནས་ཆབ་མདོ་ས་ཁུལ་གྱིས་སྲུང་སྐྱོབ་བྱེད་རྒྱུས་གཙོ་བོ་བྱས་ཤིང་མྱུར་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད་བྱེད་པ། རྒྱུད་འཛིན་དང་གོང་འཕེལ་གཏོང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ཧུར་ཐག་སྤེལ་བ་དང༌། རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་རྣམ་པ་དང་བྱ་ཐབས་གསར་གཏོད་བྱེད་པ། རིག་གནས་ཐོན་རྫས་ཀྱི་ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁམས་པའི་རིག་གནས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱེད་རྒྱུར་སྐུལ་སྤེལ་རྒྱུན་ཆད་མེད་པ་བཏང་ཡོད་པ་རེད།
 ད་ལྟ་ཆབ་མདོ་ས་ཁུལ་དུ་ཁྱོན་སྡོམ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས་བརྒྱད་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས13རྫོང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས44བཅས་ཡོད་པ་རེད། ཁམ་པའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ཡག་པོ་བྱེད་ཆེད། བོད་ལྗོངས་ཀྱིས་སྨར་ཁམས་ཀྱི་འབའ་གཞས་དང་ཆབ་མདོའི་སྒོར་གཞས། སྟེང་ཆེན་གྱི་རལ་པ་སོགས་ཞབས་བྲོའི་སྒྱུ་རྩལ་ལྡན་པའི་སྨར་ཁམས་དང་ཆབ་མདོ། སྟེང་ཆེན་བཅས་ལ་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་གནང་བ་དང་དེ་མིན་དམངས་ཁྲོད་སྒྱུ་རྩལ་པ17དང་མི་རིགས་ལག་ཤེས་བཟོ་རྩལ་པ9དམངས་ཁྲོད་ཀྱི་ཚོན་པ6གེ་སར་གྱི་སྒྲུང་མཁན 3བཅས་ལ་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་རིག་གནས་སྒྱུ་རྩལ་རྒྱུད་འཛིན་པའི་མཚན་སྙན་གནང་བ་རེད།
 མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ཆབ་མདོ་ས་ཁུལ་མི་རིགས་གླུ་གར་ཚོགས་པ་དང་ཆབ་མདོ་དང༌། སྨར་ཁམས། སྟེང་ཆེན་བཅས་རྫོང་གསུམ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། དེ་བཞིན་དམངས་ཁྲོད་འཁྲབ་སྟོན་རུ་ཁག107གྱིས་རྟག་ཏུ་གཞི་རིམ་ལ་ཟབ་བསྐྱོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཁྲོད་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་རིག་རྩལ་འཁྲབ་སྟོན་ཚོགས་པ་དེ་དག་གིས་ལོ་རེར་ཆ་སྙོམས་འཁྲབ་སྟོན་ཐེངས་དྲུག་བརྒྱ་ལྷག་ཙམ་བྱས་པར་གཟིགས་མོ་བ་མི་ཐེངས་ཁྲི་ཚོ་བརྒྱད་བཅུ་ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཁམས་པའི་རིག་གནས་དེ་ཆབ་མདོའི་ཕྱི་ཕྱོགས་སྤེལ་རེས་ཀྱི་མིང་བྱང་གལ་ཆེན་ཞིག་ཡིན་པ་དང༌། ཆབ་མདོ་ས་ཁུལ་གྱིས་རིག་གནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་རྣམ་པ་དང་བྱ་ཐབས་གསར་གཏོད་ཧུར་ཐག་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་ཕྱི་ཕྱོགས་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་བ་བརྒྱུད། རིག་གནས་ཐོན་རྫས་ཀྱི་ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ནས། ཁམས་པའི་རིག་གནས་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་འཛམ་གླིང་ཐོག་བསྐྱོད་རྒྱུར་རྒྱུན་ཆད་མེད་པ་སྐུལ་འདེད་བཏང་བ་དང༌། ཆབ་མདོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
 1999ལོ་ནས་བཟུང༌། ཆབ་མདོ་ས་ཁུལ་གྱིས་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བརྒྱད་པ་བདེ་བླག་ངང་འཚོགས་པ་དང་། བོད་ལྗོངས་དང་ཟི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཁྱིམ་མཚེས་ས་ཁུལ་གྱི་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞིར་ཞུགས་པ་རེད། 2004ལོར། ཆབ་མདོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་བོད་ལྗོངས་ཀྱི་ཚབ་ཞུས་ཏེ་ཧྲེན་ཀྲེན་དུ་སྤེལ་བའི་ཀྲུང་གོའི་གཞོན་ནུའི་རིག་གནས་གཟའ་འཁོར་གྱི་ལང་ཚོའི་ཀྲུང་ཧྭ་ཞེས་པའི་བྱེད་སྒོར་ཞུགས་པ་དང༌། 2007ལོར་སྟེང་ཆེན་རྫོང་གི་རལ་པ་རུ་ཁག་གིས་བོད་ལྗོངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོའི་ཁྲེང་ཏུའུ་མངོན་མིན་ཤུལ་བཞག་རིག་གནས་དུས་ཆེན་སྐབས་དང་པོར་ཞུགས་པ་རེད། དེ་དང་དུས་མཚུངས། ཆབ་མདོའི་རིག་རྩལ་ཚོགས་པ་རྒྱལ་ཁབ་ཕྱི་རོལ་དུ་ཡང་ཡང་བསྐྱོད་པ་དང་སྔ་རྗེས་སུ་དབྱི་ཐ་ལི་དང༌། ཏེན་མག ཨུ་རུ་སི་བཅས་ལ་རིག་རྩལ་འཁྲབ་སྟོན་བྱས་པ་དང༌། ལྷོ་ཁོ་རེ་ཡར་འཚོགས་པའི་ཀྲུང་གོར་རྒྱུས་མངའ་ཐུབ་པ་བྱེད་པ་ཞེས་པ་དང་ཨོ་སི་ཁྲུ་ལི་ཡར་འཚོགས་པའི2006ལོའི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་ཞེས་པའི་རིག་གནས་སྤེལ་རེས་བྱེད་སྒོ་ཆེན་པོར་ཞུགས་ཡོད་པ་རེད། །


འབྲེལ་ཡོད་འོས་སྦྱོར།