ཁྲི་ཀའི་མཐོ་སྒང་གི་ཁམས་གསོ་སྤྲོ་བསང་དེ་རྒྱལ་ཁབ་ཨང་རིམ4Aཅན་གྱི་གྲས་སུ་འཚུད།

ཁྲི་ཀའི་ཆོས་རྒྱལ་ལྷ་ཁང་།
མིག་སྔར། མཚོ་སྔོན་ཞིང་ཆེན་་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་གྱི་དངུལ་འདྲེན་ཡུལ་དངོས་ལྟ་སྦྱོང་འདུ་ཚོགས་སྟེང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་ཤོས་ཀྱིས་ཁྲི་ཀ་རྫོང་ལ་རྒྱལ་ཡོངས་ཡུལ་སྐོར་སྤྲོ་བསང་རྒྱུ་སྤུས་ཨང་རིམ་དཔྱད་འབེབས་ཨུ་ཡོན་ལྷན་ཁང་གིས་དཔྱད་འབེབས་བྱས་པའི་རྒྱལ་ཁབ་ཨང་རིམ4Aཅན་གྱི་དཔང་ཡིག་གནང་ཞིང་། དེས་ཁྲི་ཀའི་མཐོ་སྒང་གི་ཁམས་གསོ་སྤྲོ་བསང་དེ་རྒྱལ་ཁབ་ཨང་རིམ4Aཅན་གྱི་ཚད་གཞི་ལ་སླེབས་པ་མཚོན་ཡོད།

ཁྲི་ཀའི་མཐོ་སྒང་ཁམས་གསོ་སྤྲོ་བསང་གི་ཡུལ་སྐོར་ལྟེ་གནས།
རྒྱལ་ཁབ་ཨང་རིམ4Aཅན་ལ་སླེབས་པའི་ཁྲི་ཀའི་མཐོ་སྒང་གི་ཁམས་གསོ་སྤྲོ་བསང་གི་ཡུལ་སྐོར་ལྟེ་གནས་ནི་མཚོན་སྔོན་ཞིང་ཆེན་ཡུལ་སྐོར་ལྟེ་གནས་ཨང་རིམ་དཔྱད་འབེབས་ལས་ཁུངས་ཀྱིས་ཐོག་མར་དཔྱད་འབེབས་དང་མཚམས་སྦྱོར་གནང་ཞིང་། རྒྱལ་ཡོངས་ཡུལ་སྐོར་སྤྲོ་བསང་རྒྱུ་སྤུས་ཨང་རིམ་དཔྱད་འབེབས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚད་གཞི《ཡུལ་སྐོར་ལྟེ་གནས་རྒྱུ་སྤུས་ཨང་རིམ་གྱི་དབྱེ་འབྱེད་དང་དཔྱད་འབེབས》(GB/T17775—2003)ལྟར་གཟབ་ནན་གྱིས་ཞིབ་བཤེར་བྱས་རྗེས་དཔྱད་འབེབས་གནང་བའི་རྒྱལ་ཁབ་ཨང་རིམ4Aཅན་གྱི་ཡུལ་སྐོར་ལྟེ་གནས་སུ་འཚུད།
རྒྱལ་ཁབ་ཨང་རིམ4Aཅན་གྱི་གྲས་སུ་འཚུད་པ་འདིས་ཁྲི་ཀའི་ཡུལ་སྐོར་སྤྲོ་བསང་གི་ཆ་ཡོངས་རྣམ་པ་དང་སྤུས་ཚད་སྔར་ལས་ལྷག་པར་མཐོར་འདེགས་སུ་འགྱུར་ཐུབ་ཀྱི་ཡོད་པ་དང་། ཁྲི་ཀའི་ཡུལ་སྐོར་གྱི་སྙན་གྲགས་རང་བཞིན་དང་ཁྱབ་རྒྱ་རང་བཞིན་ཡང་ཤུགས་ཆེ་རུ་འགྲོ་ངེས་ཤིང་། ཁྲི་ཀའི་ཡུལ་སྐོར་གྱི་ཕྱོགས་བསྡུས་རྔོག་འདོན་དཔེ་ཐོན་ས་ཁུལ་འཛུགས་སྐྲུན་མྱུར་ཚད་ཀྱང་ཇེ་མགྱོགས་སུ་གཏོང་ཐུབ་ཀྱི་ཡོད།
ལོ་ཙཱ་བ། ལྷ་མོ་ཚེ་སྐྱིད།
