༄༅།། ཀོས་ནན་གཙག་དྲུབ་ཕྱི་རྒྱལ་དུ་འགྲེམས་སྤེལ་བྱས་པ།
ཀོས་ནན་རྫོང་གིས་“ཀོས་ནན་བོད་ཀྱི་གཙག་དྲུབ་”ཅེས་པའི་དམངས་ཁྲོད་སྒྱུ་རྩལ་འདི་ཉིད་སྔོག་འདོན་གསར་སྤེལ་བྱེད་པ་དང་། དེར་མཛུབ་སྟོན་རྒྱབ་སྐྱོར་བྱེད་རྒྱུ་དེ་རིགས་སོ་སོའི་བུད་མེད་ཚོའི་ཡོང་སྒོ་ཇེ་མང་ལ་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་ཏུ་རྩིས་པས། “ཀོས་ནན་བོད་ཀྱི་གཙག་དྲུབ་”ཐོན་རྫས་ཀྱི་སྤུས་ཀ་དང་རྣམ་པ་སྔར་ལས་ཇེ་ལེགས་སུ་འགྱུར་བཞིན་ཡོད། གཙུག་དྲུབ་ཀྱི་མིང་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས་ཚོང་བ་དང་མཉམ་འབྲེལ་ལས་ཁུངས། མངག་ཉོ་ཡི་གེ་རིམ་གྱིས་ཇེ་མང་དུ་སོང་། “ཀོས་ནན་བོད་ཀྱི་གཙག་དྲུབ་”ཀྱི་བཟོ་རྩལ་ཞིབ་འཚག་ལྡན་ཞིང་། རི་མོར་གསོན་ཉམས་ལྡན་པ། བརྗོད་དོན་འབུར་དུ་ཐོན་པ། ཐུན་མིན་གྱི་ཁྱད་ཆོས་བཅས་ལྡན་པས་རང་གི་ཚོང་རྟགས་མངོན་སུམ་དུ་བཏང་ཡོད་ཅིང་། དེ་ལ་རི་མོ་སྒྱུ་རྩལ་གྱི་ཆེད་མཁས་བ་དང་མཁས་པ་དག་གིས་གཟེངས་བསྟོད་དང་ཁས་ལེན་ཐོབ་པར་མ་ཟད་ཞིང་ཆེན་རིག་གནས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་གྲས་སུ་བཀོད་པ་དང་། རང་ཞིང་གི་སློབ་གསོ་སྡེ་ཁག་གིས་ད་དུང་“ཀོས་ནན་བོད་ཀྱི་གཙུག་དྲུབ་”དེ་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭའི་ལས་རིགས་བསླབ་གཞིའི་ནང་དུ་བཀོད།
ཀོས་ནན་ས་ཁུལ་གྱི་རིགས་སོ་སོའི་བུད་མེད་ཚོའི་སྲོལ་རྒྱུན་ལག་རྩལ་རྒྱ་ཆེར་སྤེལ་ཆེད་དང་། “ཀོས་ནན་བོད་ཀྱི་གཙག་དྲུབ་”སྔ་མོ་ནས་རིག་གནས་ཀྱི་ཚོང་རར་འགྲེམ་པའི་ཆེད་དུ། རྫོང་རིག་གནས་སྡེ་ཁག་གིས་དུས་ཐོག་ཏུ་རྒྱུ་སྤུས་བཟང་བ་དང་། སྤུས་ཀ་དག་པ། སྒྱུ་རྩལ་གྱི་ཚད་མཐོ་བའི་ཐོན་རྫས་བཟོ་བསྐྲུན་བྱེད་པའི་ཚད་གཞི་གཏན་ལ་ཕབས་པ་དང་། ཚོང་ར་ཅན་དང་ཐོན་ལས་ཅན། ཁྱད་ཆོས་ཅན་བཅས་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ། ས་དེ་གའི་བུད་མེད་ཚོའི་སྲོལ་རྒྱུན་ལག་རྩལ་ལས་སྐྲ་ཤུབས་དང་། ལྷམ་གདན། སྔས་ཤུབས་སོགས་ཚེམ་དྲུབ་ཐོན་རྫས་ཚོང་རར་བཀྲམ་པར་མ་ཟད། མཐུན་ཚོགས་དང་ཞིང་བ་གཉིས་མཉམ་འབྲེལ་གྱི་ཐོན་སྐྱེད་རྣམ་པ་སྤྱད་དེ། གཅིག་གྱུར་གྱིས་ཇུས་འགོད་བྱེད་པ་དང་སྐུད་པ་སོགས་རྒྱུ་ཆ་བགོ་བ། མཐའ་ཤིང་བསྐྱོན་པ། ཐུམ་རྒྱག་པ་དང་ཕྱིར་བཙོང་བྱེད་པ་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི་རྣམ་པ་སྒྲུབ་པ་ལག་བསྟར་བྱས་པའི་ཆབས་ཅིག་“ཚེམ་དྲུབ་རིག་གནས་དྲིལ་བསྒྲགས་ལྟེ་གནས་ཁྱིམ་ཚང་”གི་བྱེད་ནུས་འདོན་སྤེལ་བྱས་ཤིང་། སྔ་གཞུག་ཏུ་རིགས་སོ་སོའི་བུད་མེད་རྣམས་རྩ་འཛུགས་བྱས་ཏེ་བོད་ཀྱི་གཙག་དྲུབ་ལག་རྩལ་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པས། བུད་མེད་ཚོས་“ཀོས་ནན་བོད་ཀྱི་གཙག་དྲུབ་”ལ་སྔར་ལས་ལྷག་པས་རྒྱུས་ལོན་དང་དེའི་བཟོ་རྩལ་སྔར་ལས་ཇེ་ལེགས་སུ་གྱུར། ཁོ་ཚོའི་ཐོན་རྫས་ཁྲོད་ཀྱི་«སྒྲོལ་མ་དཀར་མོ་»ཞེས་པ་སོགས་ཕུལ་བྱུང་བརྩམས་ཆོས་དུ་མ་ཞིག་ཞིང་ཆེན་རྟེན་རྫས་ཁང་གི་དུས་གཏན་དུ་ཉར་ཚགས་བྱས་དང་། བོད་ཀྱི་གཙག་དྲུབ་«མདོ་ཁམས་རྒྱན་གོས་»ཞེས་པར་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་བཟོ་རྩལ་བརྩམས་ཆོས་བཤམས་སྟོན་ཁྲོད་བྱ་དགའ་ཐོབ།
“ཀོས་ནན་བོད་ཀྱི་གཙག་དྲུབ་”ཐོན་ཁུངས་ཕྱོགས་ཁྱབ་དང་བཟོ་ལས་ལ་གོ་རིམ་མེད་པ། ནང་དོན་སྣ་གཅིག་ཡིན་པའི་གནས་ཚུལ་ལ་དམིགས་ནས་ཀོས་ནན་རྫོང་གིས་དུས་ཐོག་ཏུ་བོད་ཀྱི་གཙག་དྲུབ་མཐུན་ཚོགས་དང་ཞིབ་འཇུག་ལྟེ་གནས་བཙུགས་པར་མ་ཟད། སྒོར་མོ་འབུམ་གཅིག་ལྷག་གི་མ་དངུལ་བཏང་ནས་ཀོས་ནན་བོད་ཀྱི་གཙག་དྲུབ་རི་མོ་ཇུས་འགོད་མ་ཡིག་དང་། མཐའ་ཤིང་བསྐྱོན་པ་དང་མཛེས་སྤྲས་བྱེད་སྤྱད་ཀྱི་སྒྲིག་ཆས་ཉོ་སྒྲུབ་བྱས་ཏེ། འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་གྱི་གཙག་དྲུབ་དང་། རེབ་གོང་སྒྱུ་རྩལ་གྱི་ལག་རྩལ་ལ་སློབ་སྦྱོང་དང་དེ་དག་མ་དཔེར་བཟུང་སྟེ་ཐོན་སྐྱེད་བྱས་པར་བརྟེན། དག་དག་ཉིས་སྟོང་བརྒྱད་ལོ་ཁོ་ནར་ཀོས་ནན་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་བོད་ཀྱི་གཙག་དྲུབ་ཐོན་རྫས་ཉིས་ཁྲི་ལྷག་ཅིག་ཞིང་ཆེན་ཕྱི་ནང་དང་ཕྱི་རྒྱལ་སོགས་ས་ཆར་ཕྱིར་བཙོང་བྱས་ཏེ། ཡོང་སྒོ་སྒོར་མོ་ས་ཡ་གཅིག་ལྷག་བཙལ།